Wednesday 6 March 2013


ཞུམ་མེད་དཔའ་བོ་མཆོག་ལ་ཆབ་བཙོན་རྒན་རབས་པ་ཚོས་གཟིགས་སྟངས།

༼བློ་བཟང་བསྟན་འཛིན་ལགས་ཀྱིས་ཕྱག་ལས་གང་གནང་ཡང་ཕུགས་བསམ་དང་དམིགས་ཡུལ་ཡོད་པ་རང་གི་སྔར་གྱི་དམ་བཅའ་རི་དབང་ལྟ་བུ་དེ་ལས་ནམ་ཡང་འགྱུར་བ་མེད་པར་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་དུས་ཚོད་ནམ་བྱུང་ལ་སློབ་སྦྱོང་དོན་གཉེར་ལྷོད་མེད་མཛད་པ། ཆབ་སྲིད་ལྟ་བ་ཟབ་ཅིང་བོད་རྒྱལ་ཁབ་ཆེན་པོ་དང་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་བྱ་བར་ཐེ་ཚོམ་སྤུ་ཙམ་ཡང་མི་མཛད་པའི་ཕུལ་བྱུང་གི་ན་གཞོན་དཔའ་བོ་ང་ཚོ་རྒན་རབས་རྣམས་ཀྱང་མི་རབས་གསར་པའི་སྣེ་འདྲེན་འདི་ལྟ་བུའོ་སྙམ་སྟེ་བསྟོད་པའི་མེ་ཏོག་དབང་དུ་འཐོར་དགོས་པ་ཞིག་ཡོད་དོ།༽

ཞུམ་མེད་ཀྱི་རྒྱལ་གཅེས་དཔའ་བོ་བློ་བཟང་བསྟན་འཛིན་མཆོག་ནི་ངོ་གནོངས་མི་དགོས་པའི་ཁ་བ་རི་པའི་ཕུལ་བྱུང་དཔའ་བོ་གཞོན་བུ་ཤེས་ཡོན་ཅན་ཞིག་དང་རྒྱ་གཞུང་གིས་གསར་བརྗེའི་དར་དམར་འོག་འཚར་ལོངས་བྱུང་པའི་མི་རབས་གསར་པ་བོད་ཀྱི་ན་གཞོན་རྣམས་ཀྱི་ཚབ་མཚོན་ཡང་ཡིན།

ཁོང་ནི་ སྤྱི་ལོ་ ༡༩༦༦ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་སྦྲ་ནག་ཞོལ་དུ་སྐྱེད་མཆེད་་་་་་་་སྐྱེད་མ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཞུམ་མེད་དཔའ་བོ་མཆོག་ལ་གཅེན་པོ་བཞི་དང་གཅེན་མོ་གཉིས། གཅུང་མོ་གཅིག་བཅས་སྤུན་ཉེ་བདུན་ཡོད། ཞུམ་མེད་དཔའ་བོ་མཆོག་དགུང་ལོ་ཆུང་དུས་ནས་ཡབ་འཇིག་རྟེན་ཕྱི་མར་གཤེགས་ཀྱང་། རང་གི་བུ་ཕྲུག་གསོ་སྐྱོང་མཁས་པའི་དྲིན་ཅན་སྐྱེད་མའི་བཀྲིན་འོག་དགུང་ལོ་བརྒྱད་ནས་བཅུ་གསུམ་བར་ལྷ་ས་བོན་སོད་སློབ་ཆུང་དུ་བསྐྱོད། དགུང་ལོ་བཅུ་བཞི་ནས་བཅུ་དགུ་བར་ལྷ་ས་སློབ་འབྲིང་ཨང་དང་པོར་སློབ་སྦྱོང་གནང་། སྤྱི་ལོ་ ༡༩༨༧ ་ལོ་ནས་བོད་ལྗོངས་སློབ་གྲྭ་ཆེ་མོར་སློབ་ཞུགས་གནང་བའི་མུར་སྤྱི་ལོ་ ༡༩༨༨ ལོའི་ཕྱི་ཟླ་ ༣ ཚེས་ ༥ ཉིན་ཞུམ་མེད་དཔའ་བོ་མཆོག་གིས་ལྷ་སར་བོད་རང་བཙན་གྱི་སྐད་འབོད་བྱས་པར་བརྟེན་སྐྱིས་རས་ཉེན་རྟོག་པས་ཉིན་དེར་འཛིན་བཟུང་བྱས་ཏེ་རྒུ་ཚ་བཙོན་ཁང་དུ་འཁྲིད། དཔའ་བོ་མཆོག་འཛིན་བཟུང་བྱས་ཡོད་པ་དང་སྐབས་དེ་དུས་ཁོང་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲའི་སློབ་མ་ཞིག་ཡིན། ལོ་དེའི་སྤྱི་ཟླ་ ༤ ཚེས་ ༡༦ ནིན་ཁྲིམས་ཐོག་ནས་དངོས་སུ་འཛིན་བཟུང་བྱས་པའི་ཁྱབ་བསྒྲགས་བྱས་ཏེ་ཚེས་ ༢༥ ཉིན་བོད་ལྗོངས་སློབ་གྲྭ་ཆེ་མོའི་སློབ་ཕྲུག་ཁོངས་ནས་ཕྱིར་ཕུད་བྱས་པ་བོད་ལྗོངས་རླུང་འཕྲིན་ནང་གསལ་བསྒྲགས་ཀྱང་བྱས།

སྤྱི་ལོ་ ༡༩༨༩ རྒྱ་དམག་ཡོན་ཧྲེ་ཧྲན་བསད་པའི་ཉེས་མིང་འོག་ལོ་གཉིས་རྗེས་སུ་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་ཀྱང་༸གོང་ས་མཆོག་གི་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་ཞིག་ལ་དཔའ་བོ་མཆོག་གི་སྐུ་སྲོག་ལ་ཉེན་ཁའི་ངང་ནས་གནས་ཡོད་པའི་སྐོར་མཛུབ་སྟོན་གནང་བས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་གནོན་ཤུགས་ལ་བརྟེན་ཕྱི་ལོ་ ༡༩༩༡ ལོར་རྒྱ་ནག་གཞུང་གིས་ཉེས་པ་ཆག་ཡང་དུ་བཏང་སྟེ་སྲོག་ཐོག་གི་ཉེས་ཆད་དེ་ཚེ་བཙོན་བཟོས་ཡོད་པ་རེད། རང་གི་ལང་ཕྱོགས་ནམ་ཡང་འགྱུར་བ་མེད་པར་བཙོན་ཁང་དུ་བཞུགས་རིང་སྲོག་དང་སྡོས་པའི་ངོ་རྒོལ་ལས་འགུལ་ཐེངས་གསུམ་གྱི་གདོང་མཆོངས་དབུ་འཁྲིད་གནང་བས་འདོམ་གང་གྲུ་བཞིའི་མུན་ཁང་ནང་ཟུར་བཅུག་ཐེངས་མང་པོ་བཅུག་མྱོང་ཡོད། རྒུ་ཚར་ཟླ་བ་གསུམ་རིང་ཟུར་བཅུག་བྱས་པ་དང་།

སྤྱི་ལོ་ ༡༩༨༩ ཟླ་ ༨ ཚེས་ ༥ ཉིན་གྲྭ་བཞི་བཙོན་ཁང་ནང་ལ་དཔའ་བོ་མཆོག་གིས་ཁོང་རང་དང་དགའ་ལྡན་བཀྲིས། སྲོག་ཁྲིམས་བཅད་ཟིན་པའི་ཉེས་གསོག་བཙོན་པ་མི་སྣ་གསུམ་ལས་གྲུབ་པའི་གསང་བའི་ཚོགས་པ་བཙུགས། ཡི་ཕམ་པ་ཞིག་ལ་དེའི་ཁོངས་ནས་ཉེས་གསོག་བཙོན་པ་དོན་གྲུབ་ཟེར་བས་བཙོན་པའི་དོ་དམ་འགོ་ཁྲིད་ལ་ངོས་ལེན་བྱས་པས། དེ་མ་ཐུག་ཏུ་ཉེས་རྟོག་པས་དཔའ་བོ་མཆོག་གི་མལ་གདན་བསྔོགས་ཏེ་ཚོགས་པའི་ཡིག་ཆ་ཁ་ཤས་ལག་ཏུ་ཐེབས་རྐྱེན་དཔའ་བོ་མཆོག་ལ་གདོང་ལ་རས་ནག་པོ་བཀབ་སྟེ་རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས་གྲྭ་བཞི་ནས་ཨུ་ཏྲེ་ཏུད་༼བོད་རང་སྐྱོང་ལྗོངས་ཀྱི་བཙོན་ཁང་ཨང་གསུམ་པ།༽ལ་འཁྲིད་དེ་འདོམ་གང་གྲུ་བཞིའི་མུན་ཁང་དུ་ཟུར་འཇུག་བྱས། ཉིན་གཉིས་པར་ཚོགས་མི་དགའ་ལྡན་བཀྲིས་དང་ཟླ་བ། མིག་དམར་བཀྲིས་བཅས་རྐང་ལྕགས་ལགས་ལྕགས་བརྒྱབ་སྟེ་འདོམ་གང་གྲུང་བཞིའི་ནང་དུ་ཟུར་འཇུག་བྱས། ཞོགས་པ་ཞིག་གློ་བུར་དེ་རིང་ཁྲིམས་བསྒྲགས་ཀྱི་ཚོགས་ཆེན་ཡོད་ཅེས་བརྗོད་དུས་ཚང་མ་འཇིགས་ཡེ་བར་དཔའ་བོ་མཆོག་དམར་བསད་གཏང་རྒྱུ་རེད་བསམས་ཏེ་ཁ་ཤས་ཀྱི་ཁོང་ལ་སེམས་གསོ་བཏང་བ་དང་། ཁ་ཤས་ཀྱིས་བྱིན་རྟེན་སྤྲད་དེ་ཚང་མ་དངངས་འཚབ་ངང་གནས་ཀྱང་དཔའ་བོ་མཆོག་གིས་སེམས་འཚབ་སྤུ་ཙམ་ཡང་མེད་པའི་ཐོག་སྐད་གཟེངས་མཐོན་པོས་༼ངས་བྱས་པའི་ལས་དོན་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ཡིིན་རྐྱེན་ངའི་ཚེ་ལ་རྐྱེན་ངན་བྱུང་ཡང་ང་ལ་སེམས་ཁྲལ་གང་ཡང་མི་འདུག་པས་ཁྱེད་རྣམས་ཐུགས་ཁྲལ་གཏན་ནས་མཛད་མི་དགོས་༽ཞེས་ལུས་སེམས་བག་ཕེབས་ལྷོད་ལྷོད་ཀྱི་ངང་ནས་བཙོན་གྲོགས་ཚོ་དགའ་ངུ་ཤོར་དགོས་པའི་གསུངས་བཤད་གནང་། ཆུ་ཚོད་དགུ་པ་ཙམ་ལ་བཙོན་པ་ཚང་མ་ཁྲིམས་བསྒྲགས་ཚོགས་འདུར་སྐོང་ནས་མིག་དམར་བཀྲིས་དང་ཟླ་བ་གཉིས་བཙོན་ཁང་ནས་བྲོས་རྒྱུའི་འཆར་གཞི་བཏིང་ཚུལ། དེར་རོགས་མི་བློ་བཟང་བསྟན་འཛིན་ཟུར་དུ་ཐག་གཅོད་བྱ་རྒྱུ་དང་དགའ་ལྡན་བཀྲིས་ལ་ལོ་དགུ་སྤར་རྒྱུ། ཚོགས་མི་དོན་གྲུབ་ཀྱིས་རང་འཁུར་ངོས་ལེན་ཞུས་པས་ཉེས་མེད་ཆགས་ཡང་གཏང་རྒྱུ་དང། ཚོགས་མི་མིག་དམར་བཀྲིས་དང་ཟླ་བ་གཉིས་ཕྲལ་དུ་སྲོག་ཐོག་བཏང་།

སྤྱི་ལོ་ ༡༩༩༠ ལོར་རྒྱལ་གཅེས་དཔའ་བོ་ལྷག་པ་ཚེ་རིང་རྒྱ་དམར་གྱིས་གདུག་རྩུབ་ཆེན་པོས་ལྐོག་གསོད་བཏང་རྐྱེན། དཔའ་བོ་མཆོག་གིས་བཙོན་ཁང་ནང་ལ་དོན་ཚན་གཉིས་འཁོད་པའི་ཕྲེད་དར་བཟོས་ནས་རྒྱ་དམར་གྱིས་གདུག་རྩུབ་ལ་ངོ་རྒོལ་གནང་ཡོད། དང་པོ། ཡིད་སྐྱོ་བོའི་ངང་ནས་འདས་པོ་ལྷག་པ་ཚེ་རིང་ལ་མྱ་ངན་ཞུ་ཞེས་དང་། གཉིས་པ། གསོན་པོར་གནས་པའི་ཆབ་སྲིད་བཙོན་པའི་གནས་བབ་བསྒྱུར་ཅོས་བྱེད་དགོས་ཞེས་པ་དེ་གཉིས་རེད། ཞུམ་མེད་དཔའ་བོ་མཆོག་གིས་རུ་ཁག་འགོ་ཁྲིད་ལ་ད་ལྟའི་གནས་ཚུལ་འདིའི་ཐད་ཁྱེད་རང་ཚོ་དང་སྐད་ཆ་བཤད་ཀྱི་མིན། སྐད་ཆ་ཤོད་ཡུལ་ལོ་ཀས་ཅུད་༼ངལ་སྒྱུར་ཁང་།༽དང། ཁྲིམས་ཁང་། རང་སྐྱོང་ལྗོངས་བཅས་ཡིན་པས་འགོ་ཁྲིད་མཐོ་བ་འཁྲིད་ཤོག་ཅེས་ཨུ་ཚུགས་མཐར་སྐྱེལ་ངང་བསྡད་པས་དགོང་དྲོ་གང་ཙམ་ཞིག་ལ་བཙོན་ཁང་ལས་བྱེད་སླེབ་དུས་ལྷག་པ་ཚེ་རིང་ཤི་བའི་འགན་འཁྲི་རྩད་གཅོད་དགོས་ཅེས་རེ་བ་བཏོན་པས། ཁྱེད་རང་ཚོས་ཆ་རྐྱེན་ག་རི་བཏོན་ཡང་ང་ཚོས་ཁས་བླང་གི་ཡིན། འོན་ཀྱང་ཁྱེད་ཚོས་དེ་རིང་གི་ལས་འགུལ་འདི་མཚམས་འཇོག་བྱེད་དགོས། ཁྱེད་ཚོའི་དགོས་འདུན་ང་ཚོས་ཁས་ལེན་གྱི་ཡིན་ཞེས་བརྗོད་སྟབས། དགོས་འདུན་ཁག་ལྔ་ཡིག་ཐོག་ཏུ་བྲིས་ཏེ་སྤྲད། ༼དང་པོ། བཙོན་པ་ཚང་མ་སྐུ་ཕུང་མཇལ་བར་གཏོང་དགོས། གཉིས་པ། ལྷག་པ་ཚེ་རིང་ཤི་བའི་འགན་འཁྲི་རྩད་གཅད་ནས་ཐག་གཅོད་བྱེད་དགོས། གསུམ་པ། རྒྱུན་དུ་ཆབ་སྲིད་བཙོན་པར་དོན་མེད་ཉེས་རྡུངགཏོང་བཞིན་པ་ཉེས་ཅན་མི་ལ་འཛིན་པའི་སྲིད་ཇུས་ལག་སྟར་བྱས་དོན་མེད་རྡུང་རྡེག་གཏང་མི་ཆོག བཞི་པ། ཆབ་སྲིད་བཙོན་པ་ནད་པ་ཡིན་ཕྱིན་སྨན་ཁང་ལ་འགྲོ་བའི་གོ་སྐབས་བཙོན་པ་གཞན་དང་གཅིག་མཚུངས་དགོས། ལྔ་པ། གཟའ་ཟླ་བ་དང་སྤེན་པ་ལས་སྨན་ཁང་བསྟེན་མི་ཆོག་པ་དེར་བསྒྱུར་བཅོས་གཏང་དགོས་པ་མ་ཟད། ན་ཚ་རྩད་མ་ཆོད་པའི་ཨེམ་ཆི་ཕྱིར་འཐེན་བྱས་ཏེ་ཡོན་ཏན་དང་གནས་ཚད་མཐོ་བར་རྐུབ་སྟེགས་སྤྲད་དགོས་པ་བཅས་རེད།
སྐབས་དེ་དུས་རིགས་ཞེན་ཅན་གྱིས་བཙོན་པ་རྒྱལ་མཚན་ཆོས་འཕེལ་དང་བྱམས་སྨོན་གྱིས་ཞུམ་མེད་ཀྱི་དཔའ་བོ་མཆོག་ལ་ད་ལྟའི་ལྷག་པ་ཚེ་རིང་གི་དོན་རྐྱེན་དེའི་འགན་འཁུར་ཁྱེད་རང་གིས་བྱས་ཚེ་ཁྱེད་རང་ལོ་གཉིས་སྲོག་ཐོག་གི་ཉེན་ཁ་ལས་བརྒལ་ཡོད་པས་དོན་རྐྱེན་དེའི་འགན་གཞན་ཞིག་ལ་སྤྲད་ན་གང་འདུག་ཅེས་བཤད་དུས། དཔའ་བོ་མཆོག་གི་(ངས་ལས་ཀ་མ་བརྩམས་གོང་བསམ་བློ་བཏང་སྟེ་འཆར་གཞི་བཏིང་པ་ཡིན། འགོ་ངས་བརྩམས་མཇུག་ཁུངས་འཁྱོལ་བ་མི་འདུག་ཅེས་མི་གཞན་ལ་རྩིས་སྤྲོད་བྱ་རྒྱུ་ངའི་དམིགས་ཡུལ་ཞིག་མིན་ལ་ཉེས་འགན་ཅི་འདྲ་ཞིག་ཕོག་ཀྱང་གཙོ་བོའི་འགན་འཁྲི་ང་རང་གིས་འཁྱེར་ཏེ་གནས་ཚུལ་ག་པར་ཐུགས་ཀྱང་བློ་འགྱོད་རྩ་བ་ནས་མེད། རྒྱ་མི་ང་ལ་ཉེས་འགན་ལྗིད་པོ་བཟོས་ཟིན་པས་ག་དུས་གསད་མིན་མི་ཤེས་ཀྱང་འཆི་རྒྱུར་གྲ་སྒྲིག་བྱས་ནས་བསྡད་ཡོད། འོན་ཀྱང་ང་རང་མ་གསད་གོང་ལ་བོད་མི་མང་ལ་ཕན་ཐོགས་པའི་ལས་ཀ་ཕྲན་བུ་ལས་མེད་ཀྱང་བྱེད་ཐུབ་ན་རང་གི་དམིགས་ཡུལ་དང་འཚམས་པ་ཞིག་ཡོང་གི་འདུག་)ཅེས་གསུངས།

སྤྱི་ལོ་༡༩༩༡ ཟླ་ ༣ ཚེས་ ༥ ཉིན་མཐོ་རིམ་ཁྲིམས་ཁང་གི་ལས་མི་སླེབས་ནས་ང་ཚོས་ཁྱེད་རང་ཡག་པོ་ཆགས་ཀྱི་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་དེ་རིང་ཐག་གཅོད་གཏན་འབེབས་བྱེད་རྒྱུར་ཁྱེད་རང་གི་ཉེས་ཆས་ལོ་གཉིས་སྲོག་ཐོག་ནས་ཚེ་བཙོན་ལ་ཉེས་ཡངས་གཏང་རྒྱུ་ཡིན་ཞེས་ལོ་ངོ་གཅིག་དང་ཟླ་བ་དགུ་ཙམ་རིང་ཉིན་མཚན་དབྱེར་མེད་ངང་བརྒྱབ་པའི་རྐང་ལྕགས་གཉིས་ཀར་ལྕགས་སྒྲོག་གིས་བཅིངས་པ་ལས་བཀྲོལ་ནས་ལོ་གཉིས་སྲོག་ཐོག་ནས་ཉེས་པ་ཚེ་བཙོན་ལ་ཕབ།

སྤྱི་ལོ་ ༡༩༩༡ ཟླ་ ༤ ཚེས་ ༦ རྒྱ་ནག་ལ་ཡོད་པའི་ཨ་རི་གཞུང་ཚབ་སྐུ་ཞབས་ (James Lilley) ལགས་གྲྭ་བཞི་བཙོན་ཁང་དུ་གཟིགས་སྐོར་ལ་ཕེབས་སྐབས་དཔའ་བོ་མཆོག་གིས་གྲྭ་བཞི་བཙོན་ཁང་གི་དངོས་ཡོད་གནས་ཚུལ་དང་། ཆབ་སྲིད་བཙོན་པར་རྒྱ་གཞུང་གིས་ལྟ་སྟངས། ད་ཡོད་ཆབ་སྲིད་བཙོན་པའི་ལྟ་བ་དང་བསམ་ཚུལ། བོད་པའི་བསམ་བློའི་འཁྱེར་ཚུལ་བཅས་བྲིས། དེ་རྒན་བསྟན་པ་དབང་གྲགས་ལགས་ཀྱིས་ཐེ་ཚོ་སྤུ་ཙམ་མེད་པར་ཡི་གེ་རིལ་རིལ་བཟོས་ཏེ་སྐུ་ཞབས་འཇེམ་སེ་ལེ་ལིའི་ལག་པར་སྤྲོད་སྐབས་སྐུ་ཞབས་ཁོང་གི་ཅི་ཡིན་མི་ཤེས་པའི་གློ་བུར་གྱི་གནས་ཚུལ་དེར་ཧང་སང་པའི་རྣམ་པས་རང་གི་ལག་པ་ཁ་ཕྱེ་ནས་ལྟ་སྐབས་སྐད་སྒྱུར་བ་རྒྱ་མོས་ཡི་གེ་འཕྲོག་སྟེ་བཙོན་ཁང་འགོ་ཁྲིད་ཚེ་རིང་རིན་ཆེན་ལ་སྤྲད། དེ་ནས་ཉིན་ཤས་རྗེས་སྐུ་ཞབས་འཇེམ་སེ་ལི་ལིར་ཕུལ་བའི་ཡི་གེ་དེའི་དོན་རྐྱེན་ཚ་ཚ་འུར་འུར་ངང་བཙོན་པར་དྲི་རྩད་སྐབས། དཔའ་བོ་མཆོག་གིས་ཡི་གེ་ངས་བྲིས་པ་ཡིན། སྤྲོད་མཁན་སྐུ་ཞབས་བསྟན་པ་དབང་གྲགས་ལགས་རེད། འོན་ཀྱང་སྐུ་ཞབས་ཁོང་གིས་ཡི་གེའི་ནང་དོན་ཤེས་ཀྱི་མེད་ལ་བཙོན་པ་སུ་ཞིག་གིས་ཀྱང་དོན་རྐྱེན་དེའི་སྐོར་ཅི་ཡང་ཤེས་ཀྱི་མེད། དེའི་ནང་ག་རེ་འཁོད་ཡོད་མེད་ཁྱེད་རང་ཚོའི་ལག་པར་ཡོད་པས་སྐད་ཆ་དྲི་དགོས་པའི་གཞི་རྩ་མེད་ཅེས་འཇིག་ཞུམ་སྤུ་ཙམ་མེད་པར་ལན་འདེབས་གནང་། ཡང་བསྐྱར་ཁོང་གཉིས་འདོམ་གང་གྲུ་བཞིའི་ནང་ལ་ཟུར་བཅུག་བྱས།

གནས་ཚུལ་དེའི་རྐྱེན་པས་སྤྱི་ལོ་ ༡༩༩༡ ཟླ་ ༤ ཚེས་ ༢༧ ཉིན་དཔའ་བོ་མཆོག་དང་རྒན་བསྟན་པ་དབང་གྲགས་སོགས་མི་སྣ་ལྔ་གསང་ཐབས་ཀྱི་ཀོང་པོ་བཙོན་ཁང་དུ་བསྐྱལ་རྒྱུར་ལག་ལྕགས་ཀྱིས་སྦྲེལ་ཏེ་ཤར་རླུང་རྟགས་ཅན་ནང་ཁྲིད་པ་བཙོན་པ་གཞན་ཚོས་སྒོའི་སེར་སིང་ནས་མཐོང་སྐབས་མི་བཟོད་པའི་སེམས་ཁྲལ་གྱིས་ཁོང་ཚོ་གང་དུ་ཁྲིད་མིན་གོང་གཏུགས་དང་འུར་མཆོངས་བྱ་རྒྱའི་འཆར་གཞི་བྱས། སྐབས་དེ་དུས་སྐུ་ཞབས་གཡུ་ལོ་མཆོག་གིས་བྱ་བའི་ཁེ་གྱོང་ལ་དགོངས་པ་ཆེ་བཞེས་ཀྱིས་བཙོན་གྲོགས་ཚོར་དེ་ལྟར་མི་བྱ་རྒྱུ་ལམ་སྟོན་གནང་བ་བཞིན་ཁོང་ཚོས་ཀྱང་དེ་ལྟར་ཁས་ལེན་བྱས། ཤར་རླུང་རྟགས་ཅན་ནང་ཉིན་གཉིས་དང་མཚན་གཅིག་རིང་ལྟོ་ཆུ་ཐེངས་གཅིག་ལས་མི་སྤྲད་པར་རྐང་ལག་གཉིས་ཀར་ལྕགས་སྒྲོག་བཅིངས་ནས་བཀྲེས་ལྟོགས་དང་ལམ་ངན་གྱི་ངལ་དུབ་ཤིན་ཏུ་ཆེན་པོའི་ངང་ནས་བོད་ཀྱི་ཤར་ཕྱོགས་ཀོང་པོར་ཡོད་པའི་འདམ་ཆུ་བཙོན་ཁང་(ཡོངས་གྲགས་སྤོ་བོ་སྤྲ་རྨོག་བཙོན་ཁང་)ལ་བསྐྱལ། དེར་འབྱོར་མ་ཐག་ཏུ་ཆུ་ཐིག་གཅིག་ཙམ་མི་སྤྲད་པར་ལམ་སེང་དཔའ་བོ་མཆོག་དང་སྐུ་ཞབས་བསྟན་པ་དབང་གྲགས་ལགས་རྣམ་གཉིས་དཀའ་ཚེགས་ཆེན་པོའི་སྒོ་ནས་གྲོད་ཁོག་ལྟོགས་པར་མུན་ནག་འདོམ་གང་གྲུ་བཞིའི་ནང་དུ་བཅུག་སྟེ་ལྟོ་ཆས་ཉིན་རེར་སྲང་གཅིག་ལས་སྤྲད་ཀྱི་མེད། དཔའ་བོ་མཆོག་གིས་དུས་རྟག་ཏུ་ཆབ་བཙོན་ཚོར་ང་ཚོ་ཆབ་སྲིད་བཙོན་པ་ཚང་མ་མི་གཞན་གྱིས་རྒྱུད་སྐུལ་སོགས་གཏན་ནས་མེད་པར་རང་ཉིད་ཀྱི་བོད་རང་བཙན་སླར་གསོའི་ཆེད་དུ། ལས་ཀ་བྱས་ནས་བཙོན་ཁང་དུ་ཆབ་སྲིད་ཀྱི་དོན་དུ་ཡོངས་པར་རྟེན་ད་ཆ། རྒྱ་མིའི་ཆབ་སྲིད་ཀྱི་གཡོ་འོག་མགོ་སྒུར་ན་དེ་ནི་རྐང་རྗེས་ལག་བསུབ་ཡིན་པས་ང་ཚོས་དེ་ལྟ་བྱེད་མི་ཉན། ཆབ་སྲིད་བཙོན་པ་རྣམས་ཀྱི་ཉེས་དོན་ཉེས་གསོག་པ་དེ་དག་ལ་མི་དཔེ་བཟང་པོ་བསྟན་ཐུབ་པ་བྱེད་དགོས། བཙོན་ཁང་དུ་སློབ་སྦྱོང་གི་གོ་སྐབས་དབེན་ཡང་རང་ཉིད་ཀྱིས་གོ་སྐབས་དམ་དུ་བཟུང་ནས་སློབ་སྦྱོང་བྱེད་དགོས་ཞེས་ཚང་མ་ལམ་སྟོན་གནང་གི་ཡོད།

སྤྱི་ལོ་ ༡༩༩༤ ལོར་༸གོང་ས་མཆོག་ཐུགས་རྗེའི་བཀའ་དྲིན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་། བོད་དོན་རྒྱབ་སྐྱོར་བ་ཚོའི་གནོན་ཤུགས་ལ་བརྟེན་ཏེ་ཚེ་བཙོན་ནས་ངོ་ལོ་བཅོ་བརྒྱད་ཀྱི་ཉེས་པར་ཕབ།
སྤྱི་ལོ་ ༡༩༩༢ འགོ་ཁྲིད་མཐོ་བ་རྣམས་བཙོན་ཁང་ཁག་ལ་བལྟ་སྐོར་དུ་ཡོང་དུས། རྒྱ་མིས་གཡོ་ཁྲམ་གྱིས་བཙོན་ཁང་ནང་དུ་མ་ཡོད་ཡོད་ཚུལ་གྲ་སྒྲིག་མང་པོ་བྱས། སྐབས་འདིེར་ཞུམ་མེད་དཔའ་བོ་མཆོག་དང་རྒྱལ་མཚན་ལགས་གཉིས་ཀྱིས་བཙོན་ཁང་གི་སྒྲིག་སྲོལ་ལམ་ལུགས་ལ་བསྒྱུར་བཀོད་གཏོང་དགོས་ཞེས་པའི་ནང་དུ། བོད་མི་རིགས་ཞེས་པ་ནི་གཙོ་བོ་ཤ་མར་གྱིས་འཚོ་བའི་མི་རིགས་ཤིག་ཡིན། ཡིན་ནའང་བཙོན་ཁང་ནང་མར་ནི་བོད་ཀྱི་གོ་གསར་སྐབས་ལ་འཆར་ཅན་གཙོན་པ་རེར་རྒྱ་མ་གང་ཡོད། དེ་ཡང་དངོས་སུ་ལག་པར་སླེབས་དུས་སྲང་ཁ་ཤས་ལས་མེད། ཤ་ནི་ཕག་ཤ་རྙིང་པ་ལྕུག་ཁ་ཤས་རུལ་སུང་དུ་ཕྱིན་པ། མི་ལ་ནད་གཞི་བཟོ་མཁན་དེ་འདྲ། གྲོ་ཞིབ་ནང་སོ་བརྩེ་བ་དང་རྡོ་རྡེའུ་མང་པོ་ཡོད་པ། སྨན་ཁང་ཐབས་ཆག་ཅིག་ཡོད་ཀྱང་སྨན་ནི་ལས་ཁུངས་ཁག་གི་དུས་ཚོད་ཡོལ་ཟིན་པའི་སྨན་ཡིན་སྟབས། ནད་གཞི་དྲག་ཏུ་འགྲོ་རྒྱུའི་ཚབ་ལ་ནད་གཞི་སྡུག་ཏུ་འགྲོ་ཡི་ཡོད་པ་སོགས་ནི་ཀྲུང་ཏུད་ཀྱི་འགོ་ཁྲིད་ལ་ཐུགས་ཁག་མེད། སྲིད་གཞུང་རང་གི་བོད་རིགས་ཀྱི་བཙོན་པར་མཐོང་ཆུང་གིས་སྤུས་ཀ་སྡུག་པ་དང་། ཚད་གཞི་ཉུང་ཉུང་ལས་མ་སྤྲད་པ་དག་གི་རྒྱུ་མཚན་གང་ཡིན་བྲིས་ནས་དེར་ཡོད་ཆབ་བཙོན་ཚང་མའི་མིང་བྲིས་ཏེ་ཡི་གེ་ཤེས་མཁན་ཚོ་ཀློག་ཏུ་བཅུག རྒྱ་སྟར་གྱིས་ཡི་གེ་ལྟ་སྐོར་བར་སྤྲད།

ཡང་བསྐྱར་སྤྱི་ལོ་ ༡༩༩༤ ཞུ་ཡིག་ཞིག་སྤྲད་ཡོད། ད་ཆ་ཞུམ་མེད་དཔའ་བོ་བློ་བཟང་བསྟན་འཛིན་ལགས་རྒྱལ་ས་ལྷ་སའི་ནུབ་ངོས་སུ་ཆགས་པའི་ཆུ་ཤུལ་བཙོན་ཁང་གནས་སྤོ་བྱས་ཡོད། ད་སྐབས་ཞུམ་མེད་དཔའ་བོ་མཆོག་ལ་མཁལ་མའི་ན་ཚས་སྐེད་པ་དགྱེད་དགུར་དཀའ་བ་དང་། ཞབས་དང་པུས་མོར་ན་ཟུག་ཚད་མེད་གཏོང་བ། སྲོག་རླུང་གིས་སྙིང་ཁར་རྡོ་ཆེན་ཞིག་བཞག་པ་ལྟ་བུ་ཚོར་སྣང་གི་ན་ཟུག་གཏོང་བ། མགོ་བོར་ཟུག་གཟེར་ཡང་ཡང་བརྒྱབ་ཅིང་གཅིན་སྙིའི་ནད་ཡོད་པའི་རྐྱེན་གྱིས་མིག་གི་ནུས་པ་ཉམས་ཏེ་སྐབས་རེ་སྤྱན་གཉིས་ཀྱིས་གསལ་པོ་མཐོང་མི་ཐུབ་པ་སོགས་འཕྲོད་བསྟེན་ཧ་ཅང་ཛ་དྲག་གིས་འཇིག་རྟེན་འདིར་འཚོ་གནས་ཐུབ་མི་ཐུབ་ཀྱི་གནས་སུ་གྱར་ཡོད། ད་བར་མི་ལོ་ 24 ལྷག་མུན་ནག་བཙོན་ཁང་ནང་བསྐྱལ་བ་དང་། ཞུམ་མེད་དཔའ་བོ་བློ་བཟང་བསྟན་འཛིན་མཆོག་ནི་བོད་རང་བཙན་གྱི་སྐད་འབོད་བརྒྱབས་པའི་ཉེས་འོག་མི་རབས་གསར་པའི་ཁྲོད་ཀྱི་བཙོན་ཁང་ནང་ད་ལྟ་བར་རྒྱུན་རིང་ཤོས་བཞུགས་མཁན་གྱི་རྒྱལ་གཅེས་དཔའ་བོ་ཞིག་ཡིན།། །།

ཞིབ་པར་ཤེས་འདོད་ན། བཙན་གནོན་ལ་རྒོལ་བའི་སྙིང་སྟོབས། བཙོན་པའི་ལོ་རྒྱུས་དེབ་ཕྲེང་། ༦། 
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་དཔར་འགྲེམས་ཞུས་པ་དེར་གཟིགས་པར་འཚལ།

མི་གསར་ཁྲོད་ནས་བཙོན་དུ་ལོ་དུས་རིང་ཤོས་བཞུགས་མཁན་ཞུམ་པ་མེད་པའི་དཔའ་མོ་མཆོག


གྲ་བཞི་བཙོན་ཁང་ནང་བོད་རང་བཙན་གྱི་གླུ་གཞས་སྒྲ་འཇུགགནང་མཁན་གྱི་བཙུན་མ་བཅུ་བཞིའི་ནང་གི་ལོ་ཚད་མཐོ་ཤོས་གྲས་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་ཞུམ་མེད་དཔའ་མོ་ཕུན་ཚོགས་ཉི་སྒྲོལ་ལགས་ནི་འཕན་པོ་རིག་པའི་འབྱུང་གནས་སུ་སྐྱེད་ཆེད་བཀྲ་ཤིས་དབང་པོ་དང་སྐྱེད་མ་དཔལ་སྐྱིད་སྒྲོལ་མ་གཉིས་ཀྱི་བུ་མོར་སྤྱི་ལོ་ ༡༩༧༠ ལོར་སྐུ་འཁྲུངས། ཁོང་ལ་སྤུན་མཆེད་གཅེན་པོ་གཅིག་དང་། གཅེན་མོ་གཅིག གཅུང་པོ་གཅིག གཅུང་མོ་གཉིས་བཅས་ཡོད། དཔའ་མོ་མཆོག་ཆུང་དུས་སུ་པཱ་ལགས་གྲལ་རིམ་ཡིན་སྟབས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཕྲན་བུ་ཙམ་ཡང་ཐོབ་མྱོང་མེད། དཔའ་མོ་མཆོག་རང་ཉིད་ཀྱིས་འདོད་མོས་འོག་ལྷ་སའི་བྱང་ཕྱོགས་ཀྱི་ནེའུ་ཆུང་རི་བཙུན་དགོན་དུ་དམ་པའི་ཆོས་སྒོར་ཞུགས། བཙུན་དགོན་དུ་ལོ་ངོ་གཉིས་ཙམ་རིང་གཙོ་བོ་དགོན་པ་ཉམས་གསོ་དང་ཞོར་དུ་ནང་ཆོས་ལ་སློབ་གཉེར་མཉམ་དུ་གནང་ནས་ཞུགས་མུས་སྐབས་༸གོང་ས་མཆོག་ལ་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུ་ཐུགས་གཏན་འཁེལ་བ་ཤེས་ཕྲལ་ཞུམ་མེད་དཔའ་མོ་དང་དགོན་པ་ཅིག་པའི་བཙུན་མ་ལྔས་ལྷ་སར་བོད་རང་བཙན་སྐད་འབོད་ཁྲོམ་སྐོར་བྱེད་རྒྱུའི་བསམ་འདུན་གཅིག་མཐུན་བྱུང་།

དེ་དུས་རྒྱ་ནག་དམར་ཤོག་འགོ་འཛུགས་ནས་དྲག་པོའི་ཁྲིམས་གཞི་དང་པོ་དེ་བོད་ལ་སྡོམ་པའི་སྐབས་ཡིན། དེར་བརྟེན་ཁོང་ཚོ་ཨ་ནེ་དྲུག་གི་ཐབས་ཤེས་ཡོད་རྒུ་བཏང་སྟེ་བར་སྐོར་ནང་དུ་འཛུལ་ནས་སྤྱི་ལོ་ ༡༩༨༩ ལོའི་ཟླ་ ༡༠ ཚེས་ ༡༤ ཉིན་ལྷ་སའི་བར་སྐོར་ནང་དུ་ཁོང་ཚོས་བོད་རང་བཙན་ཡིན། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་ཞི་བའི་སྐད་འབོད་བྱས་སྟབས་རྒྱ་དམར་གྱི་དམག་མིས་སྤྱང་ཀིས་ལུག་ཁྱུ་མཐོང་བ་ལྟར་མཆོངས་ནས་རྡུང་རྡེག་དྲག་པོས་ཉེན་རྟོག་པའི་རླངས་འཁོར་ནང་དུ་བཅུག་སྟེ་ཤར་རེར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་རྒུ་རྩ་ལྟ་སྲུང་ཁང་དུ་བསྐྱལ།

ཁོང་ཚོ་རྒུ་ཚ་ལྟ་སྲུང་ཁང་དུ་བསྐྱལ་རྗེས་བཙུན་མ་རེ་རེ་ཁང་མིག་རེ་རེར་བཅུག་ནས་དྲི་རྩད་བྱེད་འགོ་འཚུགས། དྲི་རྩད་བྱེད་སྐབས་ཉེན་རྟོག་པས་རང་ཉིད་ཀྱི་ཕ་མ་གསོད་མཁན་གྱི་དགྲ་བོ་ལྟར་གློག་རྒྱུག་དང༌། རྒྱུག་པ་སོགས་ཀྱི་ལག་ཆ་འདྲ་མིན་བེད་སྤྱོད་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་བ་དང༌། ཁྱིས་འཇིགས་སྐུལ་བྱས་ནས་དཔའ་མོ་མཆོག་གི་སོག་པའི་ཚིགས་ཕུད་དེ་ལག་པ་བཅུས་རུས་བརྒྱབས་ནས་ལག་ལྕགས་རྒྱག་པ་མ་ཟད། དེ་རྗེས་ལག་ལྕགས་བཀྲོལ་ཏེ་ལག་པ་གཡོན་པའི་མཛུབ་མོ་རྣམས་རེ་རེ་བཞིན་སེན་མོའི་སྒང་ནས་ལྷམ་བཙེམ་བྱེད་ཀྱི་འཁོར་ལོ་ཞིག་གིས་ཨུ་ཁུང་ཡང་ཕུག་ནས་རྡུང་རྡེག་ཚ་ནན་ཞིག་བཏང་རྗེས།  ཡང་བསྐྱར་ཉེན་རྟོག་པ་གཉིས་ཀྱིས་ལྕགས་རིང་ཕྲ་མོ་ཞིག་གཟུགས་པོའི་སྟོད་སྨད་གཉིས་ལ་ཤུགས་ཆེ་བཞུས་ནས་བཟོད་དཀའ་བའི་ཉེས་རྡུང་མི་ཆོས་ལས་འདས་པ་ཚད་མེད་བཏང་ཡོད།

རྒུ་ཚ་ལྟ་སྲུང་ཁང་དུ་བཀག་སྐྱིལ་ཟླ་ཤས་ཀྱི་རྗེས་སུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་དཔའ་མོ་མཆོག་ལ་མི་རིགས་ཁ་བྲལ་གྱི་ཉེས་མིང་འོག་ལོ་ངོ་དགུ་དང་། ཕུན་ཚོགས་དཔལ་མོ་ལགས་སུ་ལོ་བརྒྱད། གཞན་དག་ལ་ལོ་གསུམ་གསུམ་གྱི་ཁྲིམས་ཐག་བཅད་ནས་དཔའ་མོ་མཆོག་དང་ཕུན་ཚོགས་དཔལ་མོ་ལགས་རྣམ་གཉིས་གྲྭ་བཞིའི་བཙོན་ཁང་དུ་བསྐྱལ། དཔའ་མོ་མཆོག་ནི། ༼གངས་ཅན་མི་རབས་གསར་པས་བོད་རང་བཙན་ཡིན་པའི་སྐད་འབོད་བྱས་པའི་ཉེས་མིང་འོག་རྒྱ་དམར་གྱི་ཁྲིམས་ཐོག་ནས་ཉེས་ཆད་ལོ་ཚད་རིང་ཤོས་ཀྱི་ཁྲིམས་ཐག་བཅད་པའི་བུད་མེད་བཙོན་པ་ཞིག་རེད།༽

རྒྱུན་དུ་གྲྭ་བཞིའི་བཙོན་ཁང་ནས་འགྱིག་ཤོག་གི་བཀབ་པའི་ཚལ་རིགས་འདེབས་སའི་ནང་དུ་ལུད་རྒྱག་དགོས་པ་དང༌། ལུད་དེ་གསང་སྤྱོད་ནང་ནས་དབོར་དགོས་ཀྱི་ཡོད། ལུད་དབོར་བའི་སྐབས་ཁ་རས་དང་ལག་ཤུབས་གཏན་ནས་གྱོན་ཆོག་གི་མེད། དེར་བརྟེན་གཟུགས་པོ་ཚང་མར་མི་གཙང་བའི་དྲི་མས་ཚོས་ནས་རིམ་པས་མི་གཙང་བ་ལ་རྩོག་གྲ་མེད་པར་གྱུར། ཆབ་བཙོན་ཚོར་རྒྱ་དམག་གིས་གདུག་རྩུབ་ཚད་མེད་གཏོང་གི་ཡོད།

སྤྱི་ལོ་ ༡༩༨༨ སྤྱི་ཟླ་ ༣ པའི་ཚེས་ལྔ་དང། དྲུག བདུན་བཅས་ནི་རྒྱ་དམར་གྱི་སྐར་ལྔའི་དར་དམར་འོག་ལ་འཚར་ལོང་བྱུང་བའི་བོད་ཀྱི་མི་རབས་གསར་པས་རྒྱ་དམར་གཞུང་གི་དྲང་བདེན་མིན་པའི་ཁྲིམས་འཁྱོག་སོགས་ལ་རྔམ་སྟོན་ཁྲོམ་སྐོར་གནང་བའི་དུས་དྲན་ཆེ་ཤོས་ཤིག་ཡིན་པས་རྒྱ་དམར་གྱིས་དེར་གནད་འགག་ཆེན་པོ་རྩི་ཡི་ཡོད། སྤྱི་ལོ་ ༡༩༩༢ ལོར་གོང་ཚེས་དེ་དག་བོད་པའི་ལོ་གསར་སྐབས་དང་ཁེལ་སྟབས། དཔའ་མོ་མཆོག་དང་རིག་འཛིན་ཆོས་ཉིད་ལགས། ཕུན་ཚོགས་པད་མོ་ལགས། བཙུན་མ་མ་ཡིན་པའི་བུད་མེད་ཀྱི་ཆབ་བཙོན་དང་པོ་ཨ་ཆུང་དག་ལགས། ཀརྨ་འཕྲིན་ལས་ལགས། རྒྱལ་མཚན་ཆོས་འཛོམས་ལགས། ཨར་གདམ་བཟོ་གྲྭའི་སློབ་དགེ་ཟླ་བ་སྒྲོལ་མ་ལགས་བཅས་ཀྱིས་དྲན་གསོ་དང་སྦྲགས་ཏེ་བཙོན་ཆས་ཕུད་ནས་རང་སོའི་གྱོན་ཆས་གྱོན་པས་རྒྱ་དམར་གྱིས་ཆབ་སྲིད་གནས་དོན་ཆེན་པོར་རྩིས་ཏེ་བཙོན་སྲུང་བ་དང༌། དྲག་ཆས་ཉེན་རྟོག་དམག་མིས་སྐེ་རགས་ཆབ་རྩི་དང༌། བེར་རྒྱུག་སོགས་བཞུས་ཏེ་རྡོག་རྫིག་བཏང་ནས་དེ་ཉིན་ཉེས་རྡུང་ཚབས་ཆེན་བཏང་ཡང་། བཙོན་པ་ཚོས་ལུས་ཐོག་ཏུ་མནར་གཅོད་ཇི་འདྲ་ཕོགས་ཀྱང་སྙིང་སྟོབས་ཞུམ་མེད་ཀྱི་ཉིན་གཉིས་པར་སླར་ཡང་བཙོན་ཆས་མི་གྱོན་པར་རང་གོས་གྱོན་ཆས་མུ་མཐུད་དེ་གྱོན་པས་བཙོན་སྲུང་བ་དང༌། དྲག་ཆས་ཉེན་རྟོག་དམག་མིས་དྲག་ནོན་བྱས་ཏེ་བཙན་ཤེད་ཀྱིས་ཐོག་ནས་བཙོན་ཆས་གྱོན་དུ་བཅུག་པ་མ་ཟད་ཆབ་བཙོན་ཨ་ཅག་ཆུང་བདག་ལགས་དང༌། ཕུན་ཚོགས་པད་མོ་ལགས། ཟླ་བ་སྒྲོལ་མ་ལགས་བཅས་མུན་ནག་འདོམ་གང་གྲུ་བཞིའི་ནང་ལ་ཟླ་བ་གསུམ་ཙམ་རིང་བཅུག་པ་རེད།
༡༩༩༣ ལོའི་ཟླ་ ༥ ནང་དཔའ་མོ་མཆོག་དང་གཞན་བཙུན་མ་ ༡༣ ནས་ལྐོག་ཏུ་གངས་ལྗོངས་ཡ། གངས་ལྗོངས་ཅེས་པའི་བོད་རང་བཙན་གྱི་གླུ་གཞས་མཉམ་དུ་བླངས་ནས་སྒྲ་འཇུག་བྱས་སྟབས། བཙོན་སྲུང་བས་ཉིན་གཉིས་པའི་དགོང་དྲོ་ཤེས་རྟོགས་བྱུང་སྟེ་སྒྲ་འཇུག་བྱེད་བཞིན་པའི་སྐབས་གློ་བུར་དུ་ཉལ་ཁང་ནང་དུ་ཡོང་ནས།  སྒྲ་ཕབ་འཕྲུལ་ཆས་སོགས་བཙན་འཕྲོག་བྱས། ཐོག་མར་སྒྲ་ཕབ་འཕྲུལ་ཆས་ཡོང་རྐྱེན་བཙལ་འཚོལ་བྱས་ནས་ཉེས་རྡུང་ཚད་ལས་འདས་པ་བཏང་སྟེ་དམ་དྲག་ཁང་དུ་བཅུག  གཞས་ཀྱི་ནང་དོན་ལ་དྲི་རྩད་མང་པོ་བཏང་མཐར་༡༩༩༣ ལོའི་ཟླ་ ༡༠ ནང་བཙུན་མ་ ༡༤ ལ་ལོ་ཚད་སྤར་ཆ་བྱེད་རྒྱུའི་ཁྲིམས་ཐག་ཁྱབ་བསྒྲགས་བྱས་པ་དང༌། དཔའ་མོ་མཆོག་དང་། རྒྱལ་མཚན་སྒྲོལ་དཀར་ལགས། ངག་དབང་ཆོས་སྐྱིད་ལགས་བཅས་ལ་ལོ་ཚད་ ༨  ཀྱི་ཁྲིམས་ཆད་འཕར་སྣོན་བྱས་ཡོད།

དཔའ་མོ་མཆོག་གི་བདེན་པའི་སྙིང་སྟོབས་དང་འགྱུར་མེད་ཀྱི་དམ་བཅར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱི་ཞུས་ཏེ།  རི་སྦོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རང་དབང་དང་དམངས་གཙོ་དོན་དུ་དཔའ་ངར་ཞུམ་མེད་ཀྱི་དྲག་པོའི་སྲིད་གཞུང་འོག་ཏུ་ལས་འགུལ་སྤེལ་མཁན་འཛམ་གླིང་གི་རྩེར་སོན་གྱི་མི་སྣ་བཞིར་སྤྱི་ལོ་ ༡༩༩༥ ལོའི་རི་སྦོགས་ཀྱི་བྱ་དགའ་ཕུལ་བའི་ནང་ནས་གཅིག་དཔའ་མོ་མཆོག་ཡིན།

༡༩༩༦ ལོའི་ཟླ་ ༤ ནང་རྒྱ་དམར་གྱིས་ངན་ཇུས་འཆར་གཞི་ལྟར་བཙོན་སྲུང་བས་ཆབ་བཙོན་ཚོར་གཙང་སྦྲ་ཡག་པོ་མ་བྱས་པར་ཁ་གཡར་ཏེ་བཙུན་མ་མང་པོར་ཉེས་ཁག་གི་སྒོ་རའི་གྱང་འགྲམ་དུ་འགུལ་མེད་སྐེ་རེར་ལངས་སུ་བཅུག་ཏེ་ཚིག་ངན་བརྗོད་ནས་ཉེས་རྡུང་ཚད་མེད་གཏོང་སྐབས། དཔའ་མོ་མཆོག་དང་བཙུན་མ་ཚང་མས་རང་འགུལ་གྱི་ཐོག་ནས་ཕོར་པ་སོགས་ཕྱིར་བསྡུ་བྱས་ཏེ་ཉིན་བཞིའི་རིང་ཆུ་ཐིག་ཙམ་ཡང་མི་འཐུང་བར་ཟས་བཅད་ངོ་རྒོལ་བྱས་ཏེ་བཙུན་མ་གཟུགས་པོ་གཅོང་ཅན་འགའ་རེ་ཟས་རིགས་མེད་པའི་རྐྱེན་གྱིས་རིལ་འགྲོ་བ་སོགས་དཀའ་ངལ་རབ་དང་རིམ་པ་ཕྲད་ཀྱང་ད་དུང་སོ་སོའི་ལངས་ཕྱོགས་ལ་ནམ་ཡང་གྱུར་བ་མེད་པར་བརྟན་པོར་གནས།

༡༩༩༨ ལོའི་ཟླ་ ༥ ཚེས་ ༡ དང་ཚེས་ ༤ ཉིན་གྲ་བཞི་བཙོན་ཁང་དུ་རྒྱ་གཞུང་གི་རྒྱལ་དར་སྒྲེངས་འཛུགས་བྱེད་སྐབས་བཙོན་པས་ཞི་བའི་ངོ་རྒོལ་བྱེད་སྐབས་དྲག་ཆས་ཉེན་རྟོག་དམག་མི་དང༌། བཙོནསྲུང་བས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་དོན་རྐྱེན་དེ་གཉིས་ནང་ལོ་ན་ཆུང་བའི་སྲིད་བཙོན་བརྒྱད་ཀྱི་ཚེ་སྲོག་ཤོར་བ་དང༌། སྲིད་བཙོན་མི་གྲངས་༢༧ ལ་ཚད་གཞི་མི་འདྲ་བའི་ལོ་ཚད་འཕར་སྣོན་བྱས་ཡོད། སྐབས་དེ་དུས་དཔའ་མོ་མཆོག་དང་བཙོན་པ་རྙིང་པ་ཚོ་ཉལ་ཁང་ནང་དུ་བཅུག་ཡོད་ཀྱང་། སྒེའུ་ཁུང་གི་ཤེལ་སྒོ་བཅག་ནས་དེའི་བར་སེང་ནས་བོད་ལ་རྒྱལ་དར་ཡོད། ང་ཚོའི་ས་ཆར་རྒྱ་མིའི་རྒྱལ་དར་བཙུགས་མི༌ཆོག བོད་རང་བཙན་ཡིན་ཞེས་སྐད་འབོད་བྱས་སྟབས། དེ་མ་ཐག་ཏུ་དྲག་ཆས་ཉེན་རྟོག་དམག་མིས་ཁྱིས་ཤ་ཁྲག་མཐོང་བ་ལྟར་ཁོང་ཚོའི་ཉལ་ཁང་ཕྱོགས་སུ་ཤར་རེར་རྒྱུག་ཡོང་སྟེ་བཙོན་པ་རྣམས་ཕྱི་ལ་བཏོན་སྟེ་རྒྱུག་པ་དང༌། སྐེ་རགས་ཆབ་ཙེ། རྡོ། མཁུ་མཚུར་གང་བྱུང་གིས་བཞུས་ནས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་ཚང་མ་རྨས་སྐྱོན་ཚབས་ཆེན་ཕོགས་པ་དང༌། ལ་ལ་མགོ་ནས་ཁྲག་དོན་པ་དང༌། ལ་ལ་ངོ་གདོང་ནས་ཁྲག་དོན་པ། རྐང་པ་བཅག་པ། རྩིབ་མ་བཅག་པ་སོགས་རུ་ཁག་གི་སྒོ་རའི་ནང་ཁྲག་གི་ཁེངས་ནས་དམར་འཐིལ་ངེར་རེ་ཞིག་བཤས་ར་དང་གཉིས་སུ་མེད་པར་གྱུར། དེ་ནས་བཟུང་ཟླ་བ་གསུམ་ཙམ་རིང་ཁང་པའི་ཕྱི་ལ་མི་བཏོན་པར་ཉིན་མཚན་དབྱེར་མེད་ཁང་པའི་ནང་བཅུག་པ་མ་ཟད། ནང་མིའི་ཐུགས་འཕྲད་ཀྱང་ཟླ་ ༦ ཙམ་རིང་བཀག་འགོག་བྱས།

རྒྱུན་དུ་རྒྱ་དམར་གྱིས་བཙོན་ཁང་ནང་ཆབ་བཙོན་ཚོར་ལས་ཀ་བལ་སླས་བྱེད་འཇུག་གི་ཡོད། ཉི་མ་གཅིག་ལ་སྐུད་པ་ཕྲ་མོ་ཡིན་ན་སྲང་གཅིག་དང༌། སྐུད་པ་སྦོམ་པོ་ཡིན་ན་སྲང་གཉིས་སླས་ཚར་དགོས་པ་རེད། གལ་སྲིད་དེ་མ་ཚར་ན་ཟླ་བ་གཅིག་གི་ནང་མིར་ཐུག་འཕྲད་ཀྱི་དུས་ཚོད་དེ་སྤྲོད་ཀྱི་མེད། ལས་ཡུལ་གྱི་ཁང་པའི་ནང་དུ་ཉི་མ་ནི་གསེར་ལས་དཀོན་པ་བཞིན་ཧ་ལམ་མཐོང་རྒྱུ་མེད། དགུན་ཁར་ལག་པ་གྲང་ནས་ལག་པ་ཚང་མ་རྨ་ཆགས་ནས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ཉིན་གང་ཤིང་གི་རྐུབ་སྟེགས་ཤིག་གི་ཐོག་ཏུ་སྡོད་དུ་བཅུག་ནས་དེའི་སྟེང་དུ་སོ་སོའི་གྱོན་ཆས་གཏིང་བ་མཐོང་ན་ཉེས་རྡུང་གཏོང་གི་ཡོད། དཔའ་མོ་མཆོག་ཤིང་གི་རྐུབ་སྟེགས་སྟེང་དུ་ཡུན་རིང་སྡོད་དུ་བཅུག་པའི་རྐྱེན་གྱིས་དཔྱི་མགོའི་པགས་པ་རྡོལ་ནས་ནད་མནར་ཤུགས་ཆེན་བྱུང་ན་ཡང་སྔར་གྱི་དམའ་བཅར་གཡོ་འགུལ་སྤུ་ཙམ་ཐེབས་མྱོང་མེད།

སྤྱི་ལོ་ ༡༩༩༨ ལོར་ཨ་རིའི་ནང་ཡོད་རྒྱ་ནག་དྲུག་བཞིའི་དུས་དྲན་ཚོགས་ཆུང་དང་རྒྱ་ནག་ཞི་བདེའི་ཚོགས་པ་ཐུན་མོང་ནས། པེ་ཅིང་གནམ་བདེ་སྒོ་མོ་ཐང་ཆེན་ལ་སློབ་ཕྲུག་གིས་དམངས་གཙོའི་ལས་འགུལ་སྤེལ་ནས་ལོ་ངོ་བཅུ་གཉིས་འཁོར་བའི་དྲན་གསོའི་མཛད་སྒོ་ ཟླ་ ༦ ཚེས་ ༣ ཉིན།  བོད་ཀྱི་རང་དབང་གི་ཆེད་དུ་ཞི་བའི་འཐབ་རྩོད་གནང་མཁན་དཔའ་མོ་མཆོག་གིས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་། རང་དབང་དང་དམངས་གཙོ་རྩོད་ལེན་གྱིས་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད།

སྤྱི་ལོ་ ༢༠༠༤ ལོར་གཙོ་བོ་༸གོང་ས་མཆོག་ཐུགས་རྗེའི་བཀའ་དྲིན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁང་། བོད་དོན་རྒྱབ་སྐྱོར་བ་ཚོའི་གནོན་ཤུགས་ལ་བརྟེན་ནས་མུན་དོང་བཙོན་ཁང་ནང་དུ་ངོ་ལོ་བཅོ་ལྔ་ལྷག་དཀའ་སྡུག་འདྲ་མིན་མྱང་རྗེས་གློད་གྲོལ་ཐོབ་ཀྱང་ཁྱིམ་དུ་མི་གཞན་དང་འབྲེལ་བ་བྱ་རྒྱུ་ལྟ་ཅི་སྤུན་མཆེད་གཞན་ཚོར་ཡང་ཐུག་ཕྲད་གཏན་ནས་བྱས་མི་ཆོག་པར་རྒྱ་དམར་གྱིས་བཏང་འཛིན་དམ་པོའི་འོག་ཏུ་རང་ཁྱིམ་དུ་ངོ་ལོ་གཉིས་ཙམ་རིང་རང་དབང་ཏིལ་འབྲུ་ཙམ་མེད་པར་བཟང་བཙོན་ལ་གནས།

དེ་ནས་སྤྱི་ལོ་ ༢༠༠༦ ལོར་ཡང་བསྐྱར་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས། རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་ནད་གསོ་སྨན་བཅོས་ཀྱི་མིང་ཐོག་ནས་གློད་གྲོལ་ཐོབ་སྟེ་ཨ་རིར་ཕེབས་ནས་༸གོང་ས་མཆོག་ཐེངས་པོ་མཇལ་སྐབས་༸གོང་ས་མཆོག་གིས་དཔའ་མོ་མཆོག་ལ་ད་ལྟ་གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་མིན་གྱི་འཚམས་འདྲི་དང་བྱམས་བརྕེའི་ལམ་སྟོན་གྱི་བཀའ་སློབ་གནང་། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐ་ཤལ་ཡིན་པའི་སྐོར་ལ་གསུང་བཤད་ཐེངས་མང་གནང་ཡོད།

 སྤྱི་ལོ་ ༢༠༠༧ ལོར་རྒྱ་གར་ལ་གནས་གཟིགས་ལ་ཕེབས་སྐབས་རང་གཞུང་གིས་ཞུ་འབུད་ལྟར་གཞིས་ཆགས་ཁག་དང་དགོན་སྡེ་སོགས་ལ་བོད་ཀྱི་ཆབ་སྲིད་གནས་སྟངས་དང་། ཞུམ་མེད་དཔའ་མོ་མཆོག་གི་མཚོན་པའི་ཆབ་སྲིད་བཙོན་པའི་ལུས་ཐོག་ལ་རྒྱ་དམར་གྱིས་མུན་ནག་གི་བཙོན་ཁང་དུ་གདུག་རྩུབ་གང་འདྲ་གཏོང་གི་ཡོད་མེད་སྐོར་ལ་གསུངས་བཤད་གནང་བ་ཕེབས་ཡོད། ད་ལྟ་ཞུམ་མེད་དཔའ་མོ་ཕུན་ཚོགས་ཉི་སྒྲོན་ལགས་ཡུན་རིང་མནར་གཅོད་དབང་གིས་གཟུགས་གཞི་གཅོང་ཅན་དུ་གྱུར་ཏེ། གནས་སྟངས་ཧ་ཅང་གི་ཞན་པོའི་ངང་ནས་སུད་སེར་སྨན་བཅོས་དང་བཅས་བཞུགས་བཞིན་ཡོད། ། །།
ངས་པོ་རྒྱལ་མཚན།


དཔའ་མཛངས་ལྡན་པའི་སྲིད་ཚབ་ཀླུ་ཁང་པ་མཆོག
༸གོང་ས་མཆོག་གིས་སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་ལ་གཟིགས་སྟངས།
ཀླུ་ཁང་པས་སྙིང་སྟོབས་ཆེན་པོས་རྒྱ་མིར་ལན་འདེབས་བྱས་པ་དེར་ཕྲན་བརྩི་མཐོངས་ཆེན་པོ་ཡོད།
བོད་མི་རིགས་ནམ་ཡང་བརྗེད་ཐབས་བྲལ་བའི་སྲིད་ཚབ་དམ་པ་ཀླུ་ཁང་པ་མཆོག་གི་ཐོག་མའི་ཁྱིམ་ཚང་འབྱུང་ཁུངས་ནི། ྋརྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐབས་ཀྱི་གཞུང་ས་དགའ་ལྡན་ཕོ་བྲང་ཆེན་པོའི་ཞབས་འབྲིང་པའི་མི་རྒྱུད་ཡིན་པ་དང་། བཀའ་གདམས་བསྟན་པའི་གདན་ས་འཕན་པོ་རིག་པའི་འབྱུང་གནས་སུ་ནང་སོ་ཐོབ་པའི་ཁྱིམ་ཚང་ཉི་ཤུ་རྩ་ལྔ་ཡོད་པའི་ནང་ཚན་བདེ་མཁར་ནང་སོ་ཞེས་པ་ཞབས་རྟེན་ཕ་གཞིས་སུ་གཏན་ཚིགས་དམར་ནག་དང་འབྲེལ་བའི་གསོལ་རས་བཀྲིན་བསྐྱངས། མི་རབས་ནས་མི་རབས་བར་རྒྱུན་མ་ཆད་པར་ཞབས་འདེགས་གཟེངས་སུ་ཐོན་པ་ཞུས་པ། དེ་མཚུངས་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབྱར་དུས་སྤྲོ་སེང་དུ་ཆིབས་བསྒྱུར་གནང་ཡུལ་རྩེ་ཕོ་བྲང་ཆེན་པོའི་རྒྱབ་ཏུ་ཡོད་པའི་རྫོང་རྒྱབ་ཀླུ་ཁང་གི་ཁང་གཉེར་ལས་འཛིན་ཞུ་དགོས་སྟབས་ཕལ་ཆེ་བས་ཀླུ་ཁང་པ་ཞེས་འབོད་ཀྱི་ཡོད་པ་དང་། གཞུང་གི་མཚན་ཐོའི་ནང་ཕ་གཞིས་ཀྱི་མིང་བདེ་མཁར་བ་ཅེས་ཞུ་ཡི་ཡོད། སྲིད་བློན་ཀླུ་ཁང་པ་མཆོག་ནི། ཡབ་བདེ་མཁར་བ་ཚེ་དབང་འགྱུར་མེད་ཀྱི་སྲས་སུ་ སྤྱི་ལོ་ ༡༨༩༧ ལོར་སྐུ་འཁྲུངས་སོ།
སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་ནི་མི་རིགས་ཀྱི་ལས་དབང་ཉག་ཕྲའི་སྐབས་སུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱི་དགྱེས་ཚོར་གནང་ཡུལ་དང་བོད་གཞུང་དགའ་ལྡན་ཕྲོ་བྲང་ཕྱོགས་ལས་རྣམ་རྒྱལ་ལ་ཞབས་ཞུ་ངོ་དགའ་སྤྲེལ་ལད་ཀྱིས་གཞན་དབང་དུ་མི་འགྱུར་བར་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་སྒྲུབ་མཁན་རླབས་ཆེན་གྱི་མི་སྣ་ཡིན་པ་མ་ཟད། ཐུགས་གཤིས་མེ་ལོང་ལྟ་བུ་ཕྱི་གསལ་ནང་གསལ་ཞིག་ཀྱང་ཡིན།
ཆུ་གླང་། ཕྱི་ལོ་༡༩༡༣ ལོར་མདོ་སྨད་ཞི་དྲག་སྤྱི་འདོམས་བཀའ་བློན་བླ་མ་བྱམས་པ་བསྟན་དར་མཆོག་གི་ལས་བྱ་བཀའ་དྲུང་བསྐོ་བཞག་གནང་བ་ལྟར་མདོ་སྤྱི་གར་ཕེབས་ལྷན་བཅར་གནང་སྟེ་ཐོག་མར་ལྷོ་རྫོང་ཁུལ་དུ་བཞུགས་ཏེ་རི་བོ་ཆེ་དང་། ཁྱུང་པོ་དཀར་ནག་སེར་གསུམ། དཔའ་ཤོད་ཁུལ་ཡོད་རྒྱ་དམག་རྣམས་མཐར་སྤྲོད་གནང་སྟེ་རིམ་བཞིན་ཆབ་མདོའི་ས་ཁུལ་ཡོངས་རྫོགས་ཚུར་བཞེས་ཏེ་མདོ་སྤྱིའི་བཞུགས་ཡུལ་ཆབ་མདོར་སྤོ་གནང་མཛད་པ་དང། དམག་སྒར་ཁག་ལ་བཀོད་ཁྱབ་གནང་རྒྱུ། གསར་དུ་དཔུང་སྣོན་དང། ལས་སྣོན། རྫས་མདེལ་ཞུ་གཏོང་སོགས་ཀྱི་ཕྱག་ལས་ཕན་ནུས་ལྡན་པ་རྒྱ་ཆེར་གནང་བ་མ་ཟད། ཆབ་འབངས་མི་སེར་གྱི་བདེ་སྡུག་སྙན་ཞུ་ཕུལ་རིགས་སྐབས་འཕྲལ་སོ་སོར་ཐོན་ཐབས་ཁོ་ན་ལས། སྒེར་ཕན་གྱི་དོན་དུ་འཕར་མའི་བརྡབ་བསིགས་བཏང་བའི་ལབ་གླེང་སྤུ་ཙམ་བྱུང་མྱོང་མེད།
ཆུ་ཕག་སྤྱི་ལོ་ ༡༩༢༣ ལོར་ཞབས་པད་ཚ་རོང་ཟླ་བཟང་དགྲ་འདུལ་གྲོ་མོ་ནོར་བུ་མཚོ་འཁྱིལ་དུ་གཞུང་གི་དངུལ་པར་ལེབ་གཏོང་ལ་གཟིགས་སྐོར་དང་། རྒྱ་གར་དང་། བལ་ཡུལ་བཅས་པར་གནས་གཟིགས་སུ་ཕེབས་སྐབས་བཀའ་འབྲེལ་དམིགས་བསལ་ཞབས་ཞུར་གཏོང་གནང་མཛད་པ་ལྟར་ས་གནས་སོ་སོ་ནས་གང་ཅིའི་གསང་སྙན་སྐབས་འཕྲལ་སོ་སོར་འབུལ་ལམ་ཞུ་གནང་མཛད་པས་། ཀུན་གྱིས་ཡི་སྨོན་བྱེད་ཡུལ་དུ་གྱུར།
ཆུ་སྤྲེལ། སྤྱི་ལོ་ ༡༩༣༢ ལོར་འཕྲུལ་ཐོག་ཤོག་དངུལ་ཚོན་ཁྲ་དཔར་འདེབས་བྱེད་མིའི་ཐུགས་འགན་རྣམས་ལྷ་གཉེར་ཀླུ་ཁང་པར་དམིགས་བསལ་གྱིས་གནང་རྐྱེན་ལོ་ཤས་རིང་གྲ་བཞི་གློག་འཕྲུལ་ཁང་རང་ལ་བཞུགས་ཏེ་ཤོག་དངུལ་དཔར་ཐོན་བསྡད་སོང་རྩིས་ཁྲ་སྨོས་ཅི། མདོར་ན་མཚོན་དང་། ཤོག་རོ་ཚུན་ཆད་བདག་ཚགས་ཀྱིས་རྩིས་ཞུ་སོགས་ཁམས་དྭངས་གནང་བས་༸གོང་ས་བཅུ་གསུམ་པ་མཆོག་གིས་ཐུགས་དགྱེས་མཉེས་ཆེན་པོ་གནང་ཡུལ་ཞིག་ཀྱང་ཡིན། དེ་རྗེས་༸གོང་ས་སྐྱབས་མགོན་བཅུ་གསུམ་པ་ཆེན་པོའི་གསེར་སྡོང་རིན་པོ་ཆེ་དགེ་ལེགས་འདོད་འཇོ་གསར་གཞེངས་སྐབས། འགྲོ་གྲོན་གསེར་དངུལ་ཟངས་ལྕགས་དང་། ལས་མིའི་གླ་ཕོགས་འབྲུ་དངུལ་སོགས་བསྡད་སོང་རྩིས་ཚང་མའི་འགན་འཁུར་ལྷ་གཉེར་ཀླུ་ཁང་པས་བཞེས་ཏེ་ལོ་རྒྱུན་གང་ཙམ་ཕྱག་ལས་གནང་རིང་ལྷག་བསམ་རྣམ་དག་དང་། སྦྱོར་དངོས་རྗེས་གཙང་གནང་བའི་མཛད་རྗེས་མི་དམན་པ་བཞག་ཡོད།
ས་སྟག་སྤྱི་ལོ་ ༡༩༣༨ ལོར་རྩིས་དཔོན་བསྐོ་གཞག་གནང་།  ཆུ་ལུག་སྤྱི་ལོ་ ༡༩༤༣ ལོར་ནས་བཟུང་དགའ་ལྡན་སྟོན་ཆོས་དང་། དགེ་བཤེས་གཏོང་བསྣོན། སྨོན་ཚོགས་ཐེབས་རྩ་སོགས་མ་དངུལ་འཕར་མ་བཅས་ཀྱི་རྩིས་ཁྲ་ཁག་གཙང་མར་བཟོས་གནང་ཡོད།
༸གོང་ས་མཆོག་གིས་ཐུགས་རེ་ཆེན་པོས་སྲིད་བློན་ཀླུ་ཁང་པ་མཆོག་སྲིད་ཚབ་ཏུ་བསྐོ་བཞག་གནང་དུས་སྐུ་དྲག་གཞན་ལྟར་གཟབ་རྒྱུན་ན་བཟའ་ལེགས་གྲས་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་སྟབས། རྟགས་རྟེན་མ་འཇོལ་ཙམ་གྱི་མཛད་སྒོ་སྟབས་བདེ་ཞིག་གི་སྒོ་ནས་སྲིད་ཚབ་ཀྱི་བཞུགས་ཁྲིར་ཕེབས་པ་འདུག སྣང་ར་དགེ་འདུན་བཟོད་པ་ལགས་ཀྱིས་སྐུ་ངོ་ཀླུ་ཁང་པས་ང་གཉིས་ཀྱི་ལག་པ་ནས་པད་ཤག་ཞ་ར་གཅིག་ཀྱང་མ་བཟས་པ་མ་ཟད་ཁ་བཏགས་སྐྱ་ཤ་ཙམ་ཡང་ལེན་མ་སོང་།”(1)ཞེས་གསུངས་པ་ལྟར་སྲིད་ཟུར་མཆོག་གི་རྒྱུན་ལྡན་གྱི་ཕྱག་ལས་གནང་སྐབས་ལྐོག་རྔན་སོགས་རྩ་བ་ནས་བཞེས་མྱོང་མེད།
༸གོང་ས་ཆེན་པོ་མཆོག་གྲོ་མོར་ཆིབས་བསྒྱུར་གནང་སྟེ་ཁམས་ཕྱོགས་ཀྱི་གནས་ཚུལ་ཉིན་རེ་བཞིན་ཉེས་འགན་ཇེ་ཆེར་འགྲོ་བའི་སྐབས་མི་ངན་འགའ་ཤས་ཀྱིས་ལྷ་སའི་ནང་འུར་གཏམ་ཆེད་བཟོས་རྐུན་ཇག་དང། བཅོམ་འཕྲོག་ཡོང་རྒྱུར་ཚང་མར་བློ་གཡེང་ཆེན་པོ་བྱུང་ཡང། སྲིད་ཚབ་བློ་བདེ་རྣམ་གཉིས་ནས་ཐུགས་འགན་བཞེས་ཏེ་ལྷ་ཞོལ་གཉེར་མི་དཔོན་དང། ཁྲིམས་སྲུང་རྣམས་ལ་བདེ་འཇགས་བལྟ་རྟོགས་དགོས་པའི་བཀའ་ཁྱབ་ཐོག གཞུང་ཞབས་སེར་སྐྱ་སྦྲེལ་པོ་ཁག་བགོས་ཀྱིས་མཚན་མོ་ལྟ་སྐོར་བྱེད་འཇུག་གནང། གྲོང་ཁྱེར་གྱི་བཟའ་བཅའི་རིན་ཐང། མདོར་ན་གཟན་མེ་ཤིང་ཡན་གྱི་རིན་གོང་ལ་བལ་ཉོ་དཀོན་ཚོང་མི་ཆོག་པའི་ཞིབ་འཇུག སྨོན་ཚོགས་སྐབས་འབྲས་སྤུངས་ཚོགས་ཆེན་དགེ་བསྐོས་ཟུང་ནས་སྔར་ལམ་ཁྲིམས་གནོན་བྱེད་རྒྱུར་བརྡབ་གསིགས་མི་ཆོག་པའི་ཚ་བརྗིད་ཅན་གྱི་བཀའ་ཁྱབ་འདོམས་པ་སོགས་ཡུལ་སྤྱིའི་བདེ་འཇགས་དང། དཔལ་འབྱོར། ལྷག་པར་གཞུང་གི་སྔར་སྲོལ་སྒྲིག་ཁྲིམས་བཅས་ལ་ཐུགས་སྣང་ཧ་ཅང་ཆེན་པོ་གནང་སྟེ་ཡུལ་མི་སེར་སྐྱ་མཆོག་དམན་ཚང་མས་སྲིད་ཚབ་བློ་བདེ་གཉིས་ནས་མཚན་དོན་དང་མཚུངས་པའི་ང་ཚོ་བློ་བདེ་བག་ཕེབས་བཟོས་གནང་བྱུང་ཞེས་ཀུན་གྱི་སྤྱི་མོས་དང། བསྔགས་བརྗོད་ཆེན་པོ་ཞུ་བཞིན་ཡོད་འདུག
སྲིད་ཚབ་རྣམ་གཉིས་ཀྱིས་༸གོང་ས་མཆོག་གི་ཐུགས་རེ་ལྟར་གཞུང་དོན་ཕྱག་ལས་གཡོ་ཟོལ་ཉིན་གཅིག་ཙམ་ཡང་གནང་མེད་པར་ལོ་འཁོར་གཉིས་ཙམ་གནང་རིང། དགུང་གསར་སོགས་འཆར་འཕར་མཛད་སྒོ་ཁག་དང་། རེས་གཟའ་སྤེན་པའི་མཛད་སེང་ཙམ་ལས། དུས་ཀུན་ཤོད་གཟིམ་ཆུང་དུ་ལྷན་རྒྱས་རྟག་ཕེབས་གནང་བ་ལས། སྙུན་དགོངས་དང། དལ་བཞུགས་སོགས་རྩ་བ་ནས་མི་གནང་བར་ཕྱག་ལས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང། སྐུ་ངོ་སྲིད་ཚབ་གཉིས་ཕན་ཚུན་”(2) གཅིག་འོག་གཅིག་ཏུ་མ་འདུས་པ་ལྟ་བུ་མ་མིན་པར་ཕན་ཚུན་དགོངས་ཚུལ་ལྷུག་པོར་བརྗོད་དེ་ཐག་གཅོད་གནང་གི་ཡོད།
སྤྱི་ལོ་ ༡༩༥༡ ལོར་རྒྱ་དམག་གིས་ཆབ་མདོར་དྲག་པོའི་བཙན་འཛུལ་བྱས་ཏེ་བཙན་ཤེད་ཆེན་པོས་ཐམ་ག་རྫུན་མ་བཟོས་ཏེ་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་བཅུག་ནས་རྒྱ་དཔོན་ཀྲང་ཅིང་ཨུ་ལྷ་སར་ཐོག་མར་འབྱོར་སྐབས། ཕན་ཚུན་འཚམས་འདྲི་གནང་རྗེས། ཁོ་བས་བོད་ཞི་བའི་བཅིངས་བཀྲོལ་ཐོབ་ནས་གྲོས་ཆོད་ཞི་དོན་ལེགས་འགྲིགས་ཟིན་པར་སྲིད་ཚབ་རྣམ་གཉིས་ཐུགས་མཉེས་པོ་བྱུང་ཡོད་ཀྱི་རེད་ཅེས་བརྗོད་དུས། སྲིད་བློན་ཀླུ་ཁང་པས་དེའི་སྐོར་ལ་རིམ་པས་བཀའ་མོལ་ཞུ་རྒྱུ་ཡོད་” (3)ཅེས་རྒྱ་དམར་གྱི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་གསལ་པོར་བསྟན། བོད་རྒྱ་གཉིས་ཀྱི་ལས་དོན་སྐོར་གལ་ཆེའི་ཚོགས་འདུ་འཚོགས་སྐབས། བོད་མི་མང་གི་བདེ་སྡུག་ཁོ་ན་ཐུགས་སུ་བཅངས་ཏེ། རྒྱ་དམར་གྱིས་དྲག་ཤུགས་དཔུང་ངོམ་དང། འཇམ་རྩུབ་ཇི་ལྟར་བྱས་ཀྱང་། རྩ་བའི་ཞི་དོན་གྲོས་ཆོད་རྩ་བཟུང་གིས་འདི་དང་འདི་ཁྱོད་ཚོས་འགལ་བ་བྱས་སོང། འདི་དང་འདི་གྲོས་ཆོད་ནང་གསལ་མེད་ཅེས་དངོས་སུ་ངོ་ལྐོག་མེད་པར་ཁ་ཐུག་གསུངས་ཀྱི་ཡོད། ཀྲང་ཅིང་ཨུས་ཚོགས་འདུ་སར་ང་ཚོའི་བཟའ་བཅའ་ཡོངས་རྫོགས་བོད་ནས་གོ་སྒྲིག་བྱེད་དགོས། དེ་ལྟར་མི་བྱས་ན་མི་འགྲིགས་ཞེས་བཙན་ཤེད་ཀྱི་སྒོ་ནས་བཤད་དུས། སྲིད་ཚབ་ཀླུ་ཁང་པས་བོད་མི་རྣམས་སྙོམས་ཆུང་ཆོས་བྱེད་པ་ཡིན་སྟབས་ཡུལ་གྱི་ཐོན་སྐྱེད་རང་ཉིད་ལ་ལྡེང་ཙམ་ལས་མེད། ཁ་ལྷག་ཕྲན་བུ་ཡོད་རིགས་ནས་རྒྱ་དམག་རྣམས་ལ་ཟླ་བ་རེ་ཟུང་ལས་མེད་ལྡེང། གློ་བུར་དུ་ཐོན་སྐྱེད་མང་པོ་བཟོ་མི་ཐུབ་ལྷ་སར་དམག་ཤུགས་ཆེན་པོ་འདི་འདྲ་ཉར་དགོས་པའི་རྒྱུ་མཚན་མེད།”(4)ང་ཚོ་བོད་མི་དམངས་ལའང་བཟའ་འབྲུ་འདང་མིན་ལ་འབྲུ་རིགས་ཕོན་ཆེན་ཚོང་ཐབས་མི་འདུག་ཅེས་གསུངས་པ་མ་ཟད། དམག་ཤོར་བ་ལས་གྲོད་ཁོག་ལྟོགས་པ་དཀའ་ལས་ཁག་གི་རེད་ཨཱ་”(5) ཅེས་རྒྱ་དམར་གྱིས་ཞི་བདེ་བག་ཕེབས་ལ་གནས་པའི་བོད་མི་རྣམས་ཀྱི་མགོ་ཐོག་ཏུ་ཧམ་ཤེད་ཆེན་པོས་བཙན་འཛུལ་བྱས་པར་མི་འདོད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད། ཡང་ཀྲང་ཅིང་ཨུས་ང་ཚོའི་གཞུང་ནས་གྲོས་མཐུན་ལ་མིང་བཏགས་བཀོད་གསལ་ལྟར་རྒྱ་དམག་བོད་དུ་འཇོག་དགོས་ཤིང། སྡོད་ས་དང་བཟའ་ཆས་སྤྲོད་དགོས། ཁོང་ཚོ་ནི་བོད་ཀྱི་ཐོན་སྐྱེད་ཡར་རྒྱས་དང། བཙན་རྒྱལ་རིང་ལུགས་ཀྱི་བཙན་ཤུགས་འོག་ནས་སྲུང་སྐྱོབ་བྱེད་ཆེད་ཡོང་བ་ཡིན། བོད་མི་རྣམས་རང་མགོ་ཐོན་པ་དང། ས་མཚམས་ཀྱི་སྲུང་སྐྱོབ་བོད་མིས་བྱེད་ཐུབ་ན་རྒྱ་དམག་རྣམས་རྒྱ་ནག་ཏུ་ཕྱིར་ལོག་བྱེད་ཀྱི་ཡིན། ཁྱོད་ཚོ་ཁྱེད་རང་ཚོའི་རྐང་པའི་སྟེང་ལ་ལངས་ཐུབ་ན་ང་ཚོར་སྡོད་རོགས་བརྗོད་ཀྱང་སྡོད་ཀྱི་མ་རེད་ཅེས་བརྗོད་དུས་སྲིད་བློན་ཀླུ་ཁང་པས་ང་ཚོའི་ས་མཚམས་སུ་ཉེན་ཁ་བཟོ་མཁན་རྒྱ་མི་མ་གཏོགས་མེད། ང་ཚོ་རང་མགོ་ཐོན་ནས་ལོ་བརྒྱ་ཕྲག་མང་པོ་ཕྱིན་སོང་ཞེས་དང་ ཁྱོད་ཚོ་བོད་དུ་རོགས་རམ་ཆེད་ཡོང་ཚུལ་བརྗོད་མུས་ཀྱང་། ད་ཕན་རོགས་རམ་གང་ཡང་བྱས་མ་སོང་བ་མ་ཟད། རྒྱ་མི་བོད་ལ་ཡོད་པ་ཙམ་གྱིས་ང་ཚོར་དཀའ་ངལ་ཡོང་གི་འདུག་” (6)ཅེས་བདེན་དོན་ངོ་མ་རྣམས་ཞུམ་པར་མེད་གསུངས་ཡོད། དེ་ནས་ཉིན་ཤས། རྒྱ་དམར་གྱི་དཔོན་རིགས་ཚོས་བོད་དམག་རྣམས་བཅིངས་བཀྲོལ་དམག་ལ་བསྒྱུར་བའི་དུས་སུ་བབས་ལུགས་དང་། བོད་དམག་གཞོན་ནུ་འདེམས་བསྒྲུགས་ཀྱིས་ལྷ་སར་རྒྱ་མིའི་དམག་སྒར་ནང་ལ་སློབ་སྦྱོང་དུ་གཏོང་དགོས་ཞེས་བརྗོད་སྐབས་ཀླུ་ཁང་པས་སྔར་ལས་ཤུགས་ཆེ་བརྗོད་དོན། བསམ་འཆར་དེ་ནི་དགོས་དོན་མེད་ལ་ཁས་ལེན་ཐུབ་པའང་མ་རེད། རྒྱ་ནག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ཚུལ་རྒྱ་མི་ཚོས་བརྗོད་པ་དེ་དག་ང་ཚོའི་མི་མང་ནས་ཁས་ལེན་བྱས་པ་མེད། གྲོས་མཐུན་གྱི་དོན་ཚན་རྣམས་ལ་ནི་རྒྱ་དམར་རང་ཉིད་ནས་ཡང་ཡང་འགལ་འདས་བྱས། བོད་ཤར་ཕྱོགས་ད་དུང་རྒྱ་མིའི་དམག་འོག་ཏུ་ཡོད། ས་ཆ་དེ་རྣམས་བོད་གཞུང་ལ་ཕྱིར་སྤྲོད་དགོས་ཀྱང་སྤྲད་ཡོད་པ་མ་རེད། བོད་ལ་རྒོལ་འཛིངས་བྱས་པ་ནི་བདེན་འབྲེལ་ཞིག་མ་ཡིན། ཞི་བའི་གྲོས་མོལ་བྱེད་སྐབས་རྒྱ་མིའི་དཔུང་དམག་དངོས་སུ་ས་ཐོག་ཏུ་བཙན་འཛུལ་བྱས་པ་རེད། བོད་དམག་རྒྱ་དམག་ཏུ་བསྒྱུར་རྒྱུའི་ཐད་ལ་བཅོས་སྒྱུར་སྐོར་བོད་མིར་བཙན་ཤེད་མི་བྱེད་པ་གྲོས་མཐུན་ནང་གསལ་ཡོད། བཅོས་བསྒྱུར་དེ་ལ་བོད་མིས་དགའ་མོས་མི་བྱེད་ཅེས་ (7) རྒྱ་དམར་གྱི་སྲིད་བྱུས་ཀོ་བ་སྐམ་པོ་མགོ་ལ་གཡོག་པ་ལྟ་བུ་དེ་ལ་དངོས་སུ་ངོ་རྒོལ་གནང་ཡོད། གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་རྒྱ་དམར་ཀྲང་ཏའེ་པེའོ་དང་། ཀྲང་གོ་ཧྭ་སོགས་ནས་བོད་དམག་འདི་རྣམས་ཁོ་བ་ཚོའི་ལག་འོག་ཏུ་བེད་སྤྱོད་གཏོང་རྒྱུའི་བྱུས་ངན་བོད་དམག་གི་རུ་བརྒྱ་མང་པོ་ལས་མེད་དུ་བསྡད་ཡོད་ཤིང་ཁོང་ཚོར་འཚོ་བ་དང། སློབ་སྦྱོང་གི་བཀོད་སྒྲིག་བྱས་ན་ཞེས་བརྗོད་དུས་སྲིད་བློན་མཆོག་གིས་གསུང་དོན། ད་ལྟ་ཁོ་ཚོར་སློབ་སྦྱོང་བྱས་ན་འགྲིགས་ཀྱི་མ་རེད། དེ་གང་ཡིན་ཟེར་ན། བོད་ཀྱི་གཏམ་དཔེར། མགོ་གསེར་སྐུས་བཅག་ན་བྱིན་རླབས་མེད།།  དམའ་ཉེ་བས་ཕབ་ན་དགའ་རྒྱུ་མེད།། ཟེར་བ་ལྟར་ཆབ་མདོར་ང་ཚོའི་མགོ་བོ་བརྡུངས་བའི་ཁྲག་རལ་མ་སྐམ་པར་སློབ་སྦྱོང་བྱེད་ཐབས་ག་ལ་ཡོད། དེ་ལས་སྔོན་ལ་ཆབ་མདོ་ང་ཚོར་ཕྱིར་སློག་གནང་དགོས་”(8) ཟེར་ཞེས་རྒྱ་དམར་གྱིས་ཞི་བའི་བཅིངས་འགྲོལ་ལ་ཁ་གཡར་ནས་བོད་མི་དམར་གསོད་བཏང་བའི་སྐོར་ལ་འཇིགས་ཞུམ་སྤུ་ཙམ་མེད་པར་རང་སྲོག་བློས་བཏང་གིས་ངོ་རྒོལ་གནང་། རྒྱ་དཔོན་གྱིས་ཁ་མཁས་བསླུ་བྲིད་ཀྱི་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་པ་དང། བོད་ཀྱི་རྒྱལ་དར་དེ་བོད་ཀྱི་དམག་སྒར་ཁག་ནས་ཕབ་སྟེ་རྒྱ་མིའི་དར་ཆ་འཛུགས་དགོས་ཚུལ་བརྗོད་པར་ཀླུ་ཁང་པས། རྒྱ་མིའི་དར་ཆ་བཙུགས་ན་བོད་དམག་གིས་ཕབ་ཀྱི་རེད། དེ་ལྟར་བྱུང་ན་ངོ་ཚ་པོ་ཡོང་གི་རེད་ཅེས་དང། ཡང་བོད་དུ་རྒྱ་མིས་བཙན་འཛུལ་བྱས་ཟིན་པར་བརྟེན་འབྲེལ་ལམ་བཟང་པོ་བྱེད་དགོས་ཚུལ་བརྗོད་པ་དེར་སྙིང་པོ་ཡོད་པ་ཞིག་མ་རེད། མི་ཞིག་གི་མགོ་ལ་བརྡུངས་ཏེ་ཀ་ལི་བཅག་ནས་ཁྲག་མ་བསྐམ་པར་ཡོད་མུས་སུ་དེ་དང་ལམ་སེང་གྲོགས་པོ་ཡོང་ཐབས་མེད་པ་ལྟར་རེད་ (9)ཅེས་སོགས་གཡོ་བྱུས་ལ་ལན་ཚ་བོ་ཚ་བོ་ཐད་ཀར་གསུངས་པས་ཕན་མིང་ཁོང་ཁྲོ་ལངས་ནས་སྐད་ཅོར་ཆེན་པོ་ངང་ཀླུ་ཁང་པས་ལྐོག་ཏུ་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་དང་འབྲེལ་བ་བྱས་ཚུལ་བརྗོད་ནས། ཀླུ་ཁང་པ་ལས་འཁུར་ཕྱིར་འཐེན་དགོས་ཚུལ་ཏཱ་ལའི་བླ་མར་ཞུ་རྒྱུ་ཡིན་ཞེས་བརྗོད་པར།ཀླུ་ཁང་པས་ཏཱ་ལའི་བླ་མས་ངས་ནོར་འཁྲུལ་བྱས་པ་གཟིགས་ཀྱི་ཡོད་ན་ལས་འཁུར་ལས་ལྷག་པ་སྲོག་ཀྱང་གཏོང་གི་ཡིིན། དེ་མིན་རྒྱ་མིས་ང་ཚོར་བཀའ་གནང་དགོས་དོན་མེད། རྒྱ་མིའི་བཀའ་ལ་མི་ཉན་ཐག་ཆོད་ཡིན་”(10)ཞེས་རྒྱ་དམར་གྱིས་དངུལ་དང་དེ་མིན་ཞི་དྲག་ཐབས་ཤེས་ཇི་ལྟར་བེད་སྤྱོད་བཏང་ན་ཡང་སྲིད་བློན་མཆོག་གིས་གཡོག་ངན་ངོ་སྲུང་དཔོན་གྱི་དགྲ་རེད་”(11) ཅེས་གསུངས་ཀྱི་ཡོད་ལ། དོན་དངོས་སུའང་རྒྱ་དམར་ཕྱོགས་ནས་དྲག་པོའི་འཇིགས་སྐུལ་ལ་མ་ལྟོས་པར་རྒྱ་མིའི་གཔོན་རིགས་ཚོ་དང་གདོང་གཏུགས་ཀྱིས་ཐད་ཀར་ལན་འདེབས་ཐེངས་མང་གནང་བ་རེད། རྒྱ་དཔོན་ཀྲང་ཅི་ཨུ་དང་། ཀྲང་ཀོ་ཧཱ་སོགས་ཀླུ་ཁང་པའི་གཟིམ་ཁང་དུ་ཐེངས་མང་བཅར་སྐབས། ཁོང་ཚོ་དང་ཆབ་སྲིད་ཐོག་ནས་བཀའ་མོལ་གནང་དུས་རྩ་དོན་དམ་བཟུང་གིས་སྐབས་རེ་ཛ་དྲག་ཙམ་དང། སྐབས་རེ་ཞི་འཇམ་ཙམ་གནང་སྟེ་གང་ལྟར་རྒྱ་མིའི་གཡོ་སྒྱུའི་འོག་ནམ་ཡང་མ་ཚུད་པ་དང་། རྒྱ་མིའི་ལག་ནས་རྡ་ཡང་གཅིག་ཀྱང་བཞེས་མྱོང་མེད།” (12)ཁོང་གིས་གཞན་གྱིས་ངོ་སྲུང་སྟེ་སྤྱི་དོན་ཆེད་བཤད་དགོས་སར་བཤད་མ་ཐུབ་པ་དང། ལས་དོན་བྱེད་དགོས་པ་རྣམས་བྱེད་མ་ཐུབ་ན། དེ་དངོས་གནས་དཔོན་གྱི་དགྲ་རེད་ཅེས་རྒྱ་དཔོན་ཚོ་དང་། གདོང་དང་གདོང་གཏུགས་ཀྱིས་ཐད་ཀར་ལན་འདེབས་ཁ་རི་ཁ་ཐུག་ཐེངས་མང་གནང་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་དོར་དགོས་བྱུང་ནའང་འགྱོད་པ་སྤུ་ཙམ་མེད་ཅེས་ཡང་ཡང་གསུངས་མྱོང་ཡོད།  དེར་བརྟེན་སྤྱི་ལོ་ ༡༩༥༢ ལོར་༸གོང་ས་མཆོག་གིས་རྒྱ་དམར་གྱིས་གནོན་ཤུགས་དྲག་པོའི་འོག་ལ་དཀའ་ཚེགས་ཅན་གྱི་ལས་ཀ་ཞིག་བྱེད་དགོས་བྱུང་ཞེས་གསུངས་པ་བཞིན་སྐུ་ཉིད་ཐུགས་ཕམ་ཆེན་པོའི་ངང་ནས་སྲིད་ཚབ་རྣམ་གཉིས་ལ་དགོངས་ཞུ་གནང་དགོས་བྱུང་།
སྤྱི་ལོ་ ༡༩༥༦ ལོར་༸གོང་ས་མཆོག་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་མྱ་ངན་དུས་དྲན་སྐབས་སུ་བཅར་དུས་སྲིད་ཟུར་དམ་པ་མཆོག་གི་གཏན་ཞལ་ལྷན་རྒྱས་མཉམ་དུ་བཅར་ཡོད། དེ་ནས་སྲིད་ཟུར་དམ་པ་མཆོག་རྒྱ་གར་ཀ་སྦུག་ཏུ་གཏན་བཞུགས་གནང་ནས་བོད་ཀྱི་བདེ་དོན་ཚོགས་པ་བཙུགས།
སྤྱི་ལོ་ ༡༩༥༦ ལོར་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་ཆིབས་སྒྱུར་གནང་རྗེས། སྲིད་ཟུར་དམ་ཀླུ་ཁང་པ་མཆོག་དང་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་སོགས་ཀྱིས་རྒྱ་གར་རམ་ཕྱི་རྒྱལ་དུ་སྐྱབས་བཅོལ་ལ་ཕེབས་དགོས་པའི་སྐོར་འབོད་སྐུལ་ནན་པོ་ཞུས། ༸གོང་ས་མཆོག་བོད་ལ་ལོག་ཕེབས་དགོས་མིན་ཐད་ལ་ཐུགས་ཐག་མ་ཆོད་པར་། མཐར་དཔོན་རིགས་འགའ་རེས་སྲིད་བློན་མཆོག་ལ་གསང་བ་བྱས་ཏེ་གནས་ཆུང་གསོལ་ནས་ལྷའི་ལུང་ཞུ་རྒྱུ་གྲོས་ཐག་བཅད། གནས་ཆུང་ཕེབས་ནས་ཁོང་གིས་བོད་ལ་ཕྱིར་ཕེབས་གནང་ན་ལེགས་པའི་ལུང་བསྟན་གནང་སྟབས།  སྲིད་ཟུར་མཆོག་གིས་ལྷན་རྒྱས་ཡོད་ས་དེ་ག་རང་ལ། མི་འུ་ཐུག་ན་ལྷ་ལ་དྲིས། ལྷ་འུ་ཐུག་དུས་སྐྱག་རྫུན་བཤད་ (13)ཅེས་༸གོང་ས་མཆོག་ལ་ཁ་རི་ཁ་ཐུག་ཏུ་ཞུས་ནས། ད་རྒྱལ་བའི་སྐུ་སྲོག་དང་བོད་སྤྱི་པའི་བདེ་རྩར་ཐུག་པའི་གནད་དོན་ཆེན་པོ་འདི་འདྲ། ངེས་པར་དུ། བོད་ཕྱི་ནང་གཉིས་ཀྱི་གནས་ཚུལ་དང་། རྒྱ་གར་གཞུང་གི་གནས་སྟངས། དེ་བཞིན་བོད་དོན་དང་འབྲེལ་བའི་ཆབ་སྲིད་པ་དང་། ཉམས་མྱོང་ཅན་གྱི་སེར་སྐྱ་གཞུང་ཞབས་རྣམས་དང་གོ་བསྡུར་བྱས་ནས། གོང་ས་མཆོག་གིས་ཐག་གཅོད་གནང་ན་ལེགས་ཞེས་ཞུས་ཀྱང་དོན་འབྲས་མ་བྱུང་།
མེ་བྱ་སྤྱི་ལོ་ ༡༩༥༧ ལོར་མཁལ་གྲང་གི་སྙུན་གཞི་ལྕེ་མོ་བྱུང་བས་ཀ་ཏར་ཧ་རིང་ཀྲིན་ནར་སིང་ཧོམ་ཞེས་པའི་སྨན་ཁང་དུ་ཟླ་གཉིས་ལྷག་བཞུགས་དགོས་བྱུང་། སྤྱི་ལོ་ ༡༩༥༨ / ༡༩༥༩ བཅས་སོ་སོའི་ནང་ལ་སྲིད་ཟུར་མཆོག་གི་སྐུའི་སྙུན་གཞི་ལྕི་མོ་བཞེས་ཡོད་ནའང་ཉིན་རེ་བཞིན་རྒྱ་གར་གཞུང་དང་ད་མིན་ཕྱི་རྒྱལ་གཞུང་ཚབ་ཁག་ལ་རྒྱ་དམར་གྱིས་ད་ལྟ་བོད་ལ་དྲག་པོ་བཙན་འཛུལ་བྱས་ཏེ་བོད་མིར་གདུག་རྩུབ་ཆེན་པོས་དྲག་གནོན་བྱེད་བཞིན་པ་དེ་དག་མཚམས་འཇོགས་དང་འབྲེལ། བོད་རང་བཙན་གནས་ཐབས་བདེན་པའི་རྒྱབ་སྐྱོར་གནང་དགོས་པའི་ཞུ་འབོད་ཞུ་རུ་ལྡི་ལིར་ཡང་ཡང་ཕེབས་ཀྱི་ཡོད།  ༸གོང་ས་མཆོག་གིས་ཡང་བསྐྱར་སྲིད་ཟུར་དམ་པ་མཆོག་ལ་སྲིད་ཚབ་ཀྱི་ཐུགས་འགན་བཞེས་དགོས་པའི་བཀའ་གནང་ཡང་། སྐུའི་སྙུན་གཞི་དང་དགུང་བབས་ཀྱིས་ཐུགས་འགན་བཞེས་མ་དགོས་པའི་དགོངས་པ་ཞུས། (༸གོང་ས་མཆོག་གིས་ད་དུང་ཕྲན་ལ་སློབ་སྟོན་གནང་བཞིན་ཡོད་ཅེས་གསུངས།)དེ་མིན་མཛད་སྒོ་ཁག་དང་། གཞན་ཡང་གལ་ཆེའི་གྲོས་ཚོགས་ཁག་ལ་བཅར་ནས་ལམ་སྟོན་གནང་རྒྱུའི་དམ་བཅའ་ཞུས། དེ་ནས་ཀ་སྦུག་ནས་གཏན་ཞལ་ཚང་མར་རྡ་སར་ཕེབས་བཞུགས་གནང་། སྤྱི་ལོ་ ༡༩༦༥ ལོ་ནས་སྙུན་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་ སྤྱི་ལོ་ ༡༩༦༦ ཟླ་བ་ ༢ ཚེས་ ༡ ཉིན་བོད་ཀྱི་ལམ་ལུགས་རྙིང་པ་འགྱུར་བ་གཏོང་འདོད་སྐོམ་པ་ཆུ་འདོད་ལྟར་ཡོད་མཁན་གྱི་རླབས་ཆེན་གྱི་མི་སྣ། བོད་རྒྱལ་ཁབ་ཆེན་པོའི་གཞུང་ཞབས་རྙིང་གྲས་མི་ཐོག་ནས་མི་ཐོག་ནས་གཞུང་མང་གཉིས་ལ་སྲི་ཞུའི་ཞབས་འདེགས་གཟེངས་སུ་ཐོན་པ་སྒྲུབ་མཁན་སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པ་རེད།། །།
(1) དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། ཤོག་གྲངས་༡༩༡ ནང་གི་ཡིག་གྲངས་ ༡༤ དང་། ཤོག་གྲངས་ ༢༠༥ ནང་གི་ཡིག་གྲངས་ ༡༤ ནང་བཅས་ལ་གསལ།
(2) སྐུ་ངོ་ཐུབ་བསྟན་བསམ་མཆོག་ལགས་ཀྱི་གསུང་བཤད།  སྲིད་བློན་ཀླུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས་ཤོག་གྲངས་ ༡༣ ནང་གསལ།                                                                                   
(3)སྲིད་བློན་ཀླཱུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས།  ཤོག་གྲངས་ ༡༤ ནང་གསལ།
 (4)ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཤོག་གྲངས་ ༡༡༣ ནས་ ༡༡༤ བར་གསལ།
(5)བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།   སྤྱིའི་འདོན་ཐེངས། ༡༦ ཤོག་གྲངས་ ༢༥༧ ནང་གསལ།
(6) ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཤོག་གྲངས་ ༡༠༦ ནས་ ༡༠༧ བར་གསལ།
(7) མཛད་རྣམ་རྒྱ་ཆེ་སྙིང་རྗེའི་རོལ་མཚོ། དེབ་ཕྲེང་ལྔ་པ། ཤོག་གྲངས་  ༥༤ ནང་གསལ།
(8) བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།   སྤྱིའི་འདོན་ཐེངས། ༡༦ ཤོག་གྲངས་ ༢༥༧ ནས་ ༢༥༨ བར་གསལ། 
(9) ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཤོག་གྲངས་ ༡༡༡ ནང་གསལ། 
(10) ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། ཤོག་གྲངས་ ༡༡༢ ནང་གསལ། 
(11) བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ། ཤོག་གྲངས་ ༤༦༣ ནང་གསལ།
(12)མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། དེབ་ཕྲེང་ལྔ་པ།
(13) ༸རྒྱལ་བའི་མཛད་རྣམ། ཕྱི་ཡུལ་དུ་རང་དབང་། ཤོག་གྲངས་ ༡༩༢ ནང་གསལ།

Tuesday 15 January 2013

རང་རིགས་ལ་གདུང་ཞེན་གྱིས་ཕོངས་པའི་ཡུལ་གྱར་བ།




སྤྱི་ལོ་ ༢༠༠༨ ལོར་མུན་ནག་གི་ལོ་ངོ་ལྔ་བཅུའི་ནང་། རྒྱ་ནག་དམར་པོས་བོད་ཀྱི་དངོས་ཡོད་ཀྱི་གནད་སྟངས་དང་། མི་འཚམས་པར་སྔར་གྱི་སྲོལ་རྒྱུན་ལས་འདས་ཏེ་མུ་མཐའ་མེད་པའི་སྤང་ལྗོངས་ལ་ལྕགས་ ཀྱི་རྭ་བ་བསྐོར་ནས་རང་རིགས་སྤུན་ཟླ་ཕན་ཚུན་འཁྲུག་རྩོད་སློང་བ། གདོད་མའི་ཤིང་ནགས་ཚད་མེད་གཅོད་པ། རྡུལ་ཕྲན་མཚོན་ཆའི་དུག་རྫས་སོགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་བ། དུས་རབས་ཉེར་གཅིག་ནང་ད་དུང་གྲོང་གསེབ་ཀྱི་ནང་ལ་ཤེས་ཡོན་དང་འཕྲོད་བསྟེན་ སྔར་བཞིན་ཉམ་ཐག་པར་གནས་པ། མི་འབོར་སྤོ་ཤུགས་ཀྱིས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་གྲངས་ཉུང་མི་རིགས་བཟོ་བ། རྒྱ་ཆེའི་ཞིང་འབྲོག་མི་མང་ལ་འབྲུ་ཁྲལ་དང་མར་ཁྲལ་སོགས་བཙན་ཤེད་ཆེན་པོས་བསྡུ་ལེན་བྱས་པ། ཤེས་འཇོན་གཉིས་ལྡན་གྱི་བོད་ཞེན་ཅན་རྣམས་འབུར་འཇོམས་གཏོང་བ། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་དང་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ་རྩ་མེད་ བཟོ་ཐབས་བྱས་པ། བོད་མིར་མི་རྒྱུ་ཟོག་གསུམ་གྱི་གནོན་ཤུགས་མུ་མཐུད་སྤྲད་དེ་ཆབ་སྲིད་ཀྱི་བཙོན་ཟུར་རྣམས་སྤྱི་ཚོགས་སྟེང་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་ བྱས་པ། བོད་མི་རིགས་མི་རིགས་རིང་ལུགས་ཀྱི་བསམ་བློའི་གདུག་རྩུབ་འོག རྩ་མེད་བཟོ་རྒྱུའི་སྲིད་ཇུས་ངན་པ་རབ་དང་རིམ་པ་བཏིང་བ།

བོད་མིའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་སྤྱི་ནོར་༸གོང་ས༸སྐྱབས་མགོན་པོར་སྒྲོ་སྐུར་སྣ་ཚོགས་དང་། ༸ཀུན་གཟིགས་༸པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་བཙོན་དུ་བཅུག་པ་མ་ཟད་བོད་ཡུལ་ཆོས་ ལྡན་ཞིང་ཁམས་དེ། དེ་སྔ་ཆེས་ཀླ་ཀློ། ཆེས་གདུག་རྩུབ། ཆེས་མུན་ནག་དང། ད་ཆ་གུང་ཁྲན་ཏང་གིས་བཅིངས་གྲོལ་བཏང་སྟེ་འགྱུར་ལྡོག་གསར་པ། རྣམ་པ་གསར་པ། འཚོ་བ་གསར་པ། རྒྱ་ཆེའི་ཞིང་བྲན་ཁྲི་ཚོ་མང་པོར་བདེ་སྐྱིད་བསྐྲུན་ཡོད་ཅེས། ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་གངས་ཅན་ཞིང་དེ་དགྱ་དམར་གྱི་ཁ་བྲལ་ཐབས་མེད་པའི་ ཆ་ཤས་ཡིན་པའི་ལོག་གཏམ་རི་བོ་ཙམ་སྤེལ་དུས་ཕ་རུས་དཀར་པོ་སྙིང་ལ་བཅངས་ཏེ་རིགས་ཞེན་ལང་ཚོ་རྒྱས་པའི་ཆོལ་གསུམ་གྱི་གངས་ ཕྲུག་ཚོས། རྒྱ་ཇག་ཀླ་ཀློའི་འཁྱོག་བརྗོད་དང་རྫུན་བཟོའི་གཉན་འབུར་དེ་དག་ལ་ཚད་ མེད་ཞི་བའི་དྲང་བདེན་གྱི་སྤུ་གྲི་བཙུགས་པས། ཤ་ཁྲག་རུས་གསུམ་ལ་རྔམ་པའི་གུང་ཁྲན་ཏང་གིས་ཤན་པ་ལག་དམར་གྱིས། ལག་ཏུ་མཚོན་ཆ་ཁབ་ཙམ་ཡང་ཐོགས་མེད་པའི་ཞི་བའི་ངོ་རྒོལ་བའི་སྟེང་བྱ་རྒོད་ཤ་ལ་ ཆགས་པ་ཇི་བཞིན་མཆོངས་ནས་སྤུན་ཟླ་རྒྱ་ཕྲག་ཁ་ཤས་དེང་དུས་མཚོན་ཆས་དམར་གསོད་དང་།  སྟོང་ཕྲག་འགའ་ཤས་རྨས་སྐྱོན། དེ་ལས་མང་བ་དྲག་གནོན་དང་བཙན་ཤེད་ཀྱི་མུན་པའི་བཙོན་ཁང་དུ་བཅུག

དྲག་སྤྱོད་དང་བཙན་གནོན་ལ་གོམས་པའི་ཀླ་ཀློའི་དམག་དཔུང་གིས་ཞི་བའི་མི་སེར་རྣམས་ལ་མུ་མཐུད་དེ་དེང་དུས་ཀྱི་མེ་མདའ་དང་འབར་རྫས་བེད་སྤྱོད་ གཏོང་བ། དུག་རླངས་གཏོར་བ། ལྐོག་གསོད་གཏོང་བ། གསོན་པོར་མེར་སྲེག་གཏོང་བ། རྐང་ལག་གཅོག་པ། ཐེམ་རེ་མི་རེའི་མདུན་ལ་དམག་དཔུང་གིས་བཙན་ཤེད་ཆེན་པོས་བཀག་ནས། ནང་དུ་ལྟོགས་ཤི་ཐེབས་སུ་བཅུག་པ་སོགས་རིག་འཚོ་ཟིན་པ་སུ་ཞིག་གིས་ཀྱང་། ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་འདར་དགོས་པའི་གནས་ཚུལ་བྱུང་ཡོད།

དུས་རབས་ཉེར་གཅིག་གི་ནང་མཐོ་སྒང་ཁ་བའི་ཞིང་འདི་གཡུལ་ས་ལྟ་བུ་གང་སར་མི་རོ་ དང་ཁྲག་རལ་གྱིས་ཁེངས་པའི་འཛམ་གླིང་གི་ཡ་ང་བའི་བཙོན་ཁང་ཆེ་ཤོས་ཤིག་ཏུ་གྱུར་ ཡོད། ཡིནའང་གཞིས་བཞུགས་སྤུན་ཟླ་ཚོས་རྒྱ་ཇག་ཀླ་ཀློའི་དྲག་གནོན་དང་། བཙན་ཤེད་ཀྱི་སྟོབས་ཤུགས་ཇི་ལྟར་ཆེ་ཡང་ནམ་ཡང་འཇིགས་ཞུམ་མེད་པའི་ལས་འགུལ་རབ་ དང་། རིམ་པ་སྤེལ་བ་དེ་ནི་བཙན་བྱོལ་དུ་ཡོད་པའི་ཚོགས་པ་དག་གི་འཚོ་རྟེན་ངོ་མ་དེ་ ཡིན། ན་ནིང་ཟླ་བ་ ༡༠ ཚེས་ ༢༠ ཉིན། གདུག་རྩུབ་ཀྱི་ཁྲག་རལ་འགོས་པའི་འདྲེ་ལག་རྫོར་པོ་དེས་བདེན་པའི་འཐབ་རྩོད་ཀྱི་ ཞི་བའི་ལས་འགུལ་བ་རང་རིགས་སྤུན་ཟླ་གཉིས་ལ་ཞི་བདེ་དང་དྲང་བདེན་གྱིས་དབུལ་ཞིང་། གཉའ་གནོན་དང་མནར་གཅོད་ཀྱི་འབྱོར་བ་བརྟས་པའི་དྲང་བདེན་མིན་པའི་ཁྲིམས་འོག་ནས་དམར་གསོད་བཏང་ཡོད། ཚེས་ཉེར་གཉིས་ཉིན་གཞུང་འབྲེལ་མིན་པའི་ཚོགས་པ་དག་གིས་ གྱང་ན་ནིངས་ལོག ཐལ་འཚུབ་ད་ལོ་བརྒྱབ་ཅེས་པའི་དཔེ་བཞིན་དཔའ་བོ་དེ་དག་སྲོག་ཐོག་བཏང་ཚར་བའི་ རྗེས། སྲོལ་རྒྱུན་ལྟ་བུའི་མར་མེའི་ཁྲོམ་སྐོར་ཞིག་གནང་སོང་།

རྒྱ་ཇག་ཤན་པས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཞི་རྒོལ་བ་རང་ལོ་ཉི་ཤུ་རྩ་ ལྔར་གསོན་པ། ལོ་ཡག་ལགས་ལ་རྒྱ་མིའི་སྦག་སྦག་བཟོ་བཅོས་རྒྱག་ས་ཞིག་ལ་མེ་བརྒྱབས་ཏེ་རྒྱ་མི་ འགའ་བསད་པའི་ཉེས་མིང་དང་། རང་ལོ་ཉི་ཤུ་རྩ་བདུན་ལ་གསོན་པ། བློ་བཟང་རྒྱལ་མཚན་ལགས་ལ་ཡང་ཚོང་ཁང་ཞིག་མེར་བསྲེགས་ཏེ་དགྱ་མི་འགའ་བསད་པའི་ ཉེས་མིང་སྣ་ཚོགས་བཏགས་ཏེ་སྲོག་ཐོག་བཏང་ནས་ཉིན་གསུམ་ལས་མ་ཕྱིན་ཡང་། ཚེས་ ༢༣ ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་དྲན་ཙམ་མ་ཡིན་པར་དེ་ཉིན། གླུ་གར་ཞབས་གཞས་ཀྱི་དགའ་སྟོན་གྲ་རྒྱས་པོ་ཞིག་བཤམས་སོང་། ངོ་མ་བོད་ཕྲུག་ཁྱིམ་སྡེའི་རྒན་འཛིན་དང་ལས་བྱེད་རྣམ་པ། སྐུ་མགྲོན་ཆོས་རིག་གི་བཀའ་བློན། སྤྱི་འཐུས་ཚོགས་གཞོན་གྱི་གཙོས་སྐུ་མགྲོན་རྣམ་པ། ལོ་གསར་ལྟ་བུའི་ཟབ་འཆོར་སྤྲས་པའི་རྡ་ས་ཁུལ་གྱི་ལྟད་མོ་བ་ཚོར། གཞིས་བཞུགས་ཀྱི་བོད་མི་རང་གི་སྤུན་ཟླ་ཡིན་པའི་འདུ་ཤེས་འདུག་གམ། ཁྱེད་ཚོའི་གཉེན་ཉེ་ཞིག་རང་བཞིན་གྱིས་འདས་གྲོངས་སུ་ཕྱིན་པ་ཡིན་ན་ཐུགས་སེམས་ སྤྲོ་བོའི་ངང་བློ་བདེ་བག་ཕེབས་ཀྱིས་དེ་ལྟར་ལྟ་ཕོད་དམ། ’’གྲོང་པའི་བ་ཤི་ན་ཡང་མྱ་ངན་ཞག་གསུམ་’’ཞེས་ པ་ལྟར་བོད་ལ་གྲོང་ཚོ་ཞིག་གི་ནང་བོད་ཟླ་དགུ་པ། བཅུ་པ་གང་རུང་ཞིག་གི་ནང་མི་ཞིག་རང་བཞིན་གྱིས་འདས་གྲོངས་སུ་ཕྱིན་པ་ཡིན་ན་ལོ་ འདིར་ལོ་གསར་གྱི་དུས་ཆེན་རིང་ལ་དགའ་སྤྲོའི་རྒྱན་རྩེད་ལྟ་ཅི། ཐ་ན་སྲོལ་རྒྱུན་གྱི་ཞབས་གཞས་ཀྱང་རྩ་བ་ནས་འཁྲབ་ཀྱིན་མེད། ཡིན་ནའང་རྡ་སའི་ཁུལ་དེར་དེ་ལས་ལྡོག་སྟེ་ཡ་ང་ཞིང་ཡིད་སྐྱོ་དགོས་པ་ཞིག་ལ། སྤྱི་ཟླ་ ༡༠ ་ཚེས་ ༢༣དང་༢༥ གཉིས་ཀྱི་དགོང་དྲོ་(ཅའ་འདི་ཀ)མཐོ་ སློབ་དང་། ཚེས་༢༤ དགོང་དྲོ་གངས་ཅན་ཆོལ་གསུམ་གླུ་གར་ཚོགས་པ་ཟེར་བ་སོགས་ཀྱིས། མུ་མཐུད་ནས་གཞིས་བཞུགས་ཀྱི་དཔའ་བོ་ཚོའི་སྐུ་སྲོག་རིན་ཐང་མི་མངོན་པར། ཤན་པ་རྒྱ་ཇག་གི་གདུག་རྩུབ་བྱ་སྤྱོད་ལ་རྒྱབ་སྐྱོར་ལྟར་བོད་གཞས་དང་། རྒྱ་གར་གྱི་གཞས། དབྱིན་ཇིའི་སོགས་ཀྱི་གཞས་སྣའི་དགའ་སྟོན་གྲ་རྒྱས་པོ་བཤམས་སོང་།

ཕྲན་གྱིས་ཚེས་ ༢༣ ཉིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁ་ཤས་ཀྱི་ས་གནས་ཚོགས་གཙོར་དོ་དགོང་གི་གཞས་ སྣ་འཁྲབ་སྟོན་དེ་འགོག་ཐུབ་ན་ཡག་པོ་འདུག ཞིང་གཤེགས་དཔའ་བོ་དག་གི་ནང་མི་སྤུན་མཆེད་སོགས་ཀྱིས་ཧ་གོ་ན། ཁོང་ཚོ་སེམས་ཤུགས་ཆགས་ཀྱི་རེད་དེ་ལྟར་བྱུང་ན་ཡག་པོ་ཡོད་མ་རེད་ཅེས་ཞུས་པས་’’རྒྱུ་མཚན་ཕ་བསད་བུ་ལ་ཡང་ཡོད་’’ཅེས་ པའི་དཔེ་ལྟར་ཁོ་བས། ཁོང་ཚོར་ལས་འགུལ་སྤེལ་དུས་དངུལ་དགོས་ཀྱི་ཡོད་རེད། དངུལ་མེད་ན་ལས་འགུལ་སྤེལ་རྒྱུ་ཁག་པོ་རེད་ཅེས་རྒྱབ་སྐྱོར་ལྟ་བུས་བརྗོད་ བྱུང་། དེ་ནི་བསམ་བློ་རྣལ་མ་ཞིག་བཏད་པ་མ་ཡིན་པར་གཞན་གྱི་ཁ་འགོག་ཆེད་ཀྱི་ལན་ཁོ་ནར་ ཟད་དོ། གཞིས་བཞུགས་གཉིས་ཀྱི་ལས་འགུལ་གྱི་ནུས་པ་ནི་ཉིན་མོའི་མར་མེ་དང་མུན་དོང་གི་ མར་མེ་ལྟ་བུའི་ཁྱད་པར་ཡོད། བཙན་བྱོལ་ནང་ལས་འགུལ་ཉིན་ནས་ཉིན་མཐུད་དེ། ཇི་ཙམ་སྤེལ་ཀྱང་ཉིན་མོའི་མར་མེ་ལྟར་ནུས་པ་དེ་ཙམ་ཐོན་མི་ཐུབ་པ་མ་ཟད་རྒྱལ་ སྤྱིའི་དྲང་བདེན་དང་། རང་དབང་ལྡན་པའི་ཚོགས་སྡེ་དག་གི་འདེང་འཇོག་དེ་ཙམ་བྱེད་ཀྱི་མེད། ཡིན་ནའང་བོད་ནང་ལ་ཞི་རྒོལ་ཕྲན་བུ་ཞིག་བྱུང་བ་ཡིན་ནའང་དྲང་བདེན་ལ་དགའ་བའི་ རྒྱལ་སྤྱིའི་མི་མང་གི་དེ་ལ་འདེང་འཇོག་དང་རྒྱབ་སྐྱོར་ཞུ་གི་ཡོད་པ་ང་ཚོས་མིག་ མཐོང་ལག་ཟིན་ཡིན། ང་ཚོའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གི་ལས་འགུལ་ནུས་ལྡན་སྤེལ་ མི་ཐུབ་པའི་ཉེར་ལེན་ལ་བརྟེན་ནས། རྒྱ་དམར་ཇག་པས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འཇིགས་སྐུལ་བར་རྡུང་རྡེག་ཚ་ནན། གཏོང་དགོས་ཞེས་པའི་ཚ་རླབས་འཕྱུར་བཞིན་པའི་གོ་སྐབས་དེ་གཟུང་ནས་ལག་ཏུ་མཚོན་ཆ་ཁབ་ཙམ་ཐོགས་མེད་པའི་རང་རིགས་ཞི་བའི་ལས་འགུལ་བ་ཚོར། འཇིགས་སྐུལ་པའི་ཉེས་མིང་བཏགས་ནས་དཔའ་བོ་གཉིས་སྲོག་ཐོག་བཏང་སོང་། ང་ཚོའི་གཞུང་གི་དབུ་མའི་ལང་ཕྱོགས་དང་། བོད་རྒྱ་ཞི་མོལ་ཁོར་ཡུག་བསྐྲུན་རྒྱུ་དེ་ཡང་བོད་རྒྱ་ཆེའི་མི་མང་ལ་བདེ་སྐྱིད་ དང་རང་དབང་གི་ཆེད་དུ་ཡིན་དགོས་པ་ལས། བོད་ནང་དུ་རྒྱ་ཇག་གིས་རང་སྣང་གང་དྲན་གྱི་བོད་མི་དམར་གསོད་དང་གདུག་རྩུབ་ཚད་མེད་ བཏང་ན་ཡང་ཞི་མོལ་གྱི་ཁོར་ཡུག་ལ་གནོད་དོགས་ཀྱི་བོད་ནང་གི་དངོས་ཡོད་ཀྱི་གནས་ སྟངས་ཀྱི་སྐོར་འཛམ་གླིང་ནང་ལ་གསུང་ལན་གཅིག་ཀྱང་མི་བསྒྲགས་པ་ནི། ཕུགས་བསམ་ལྡན་པའི་རྟགས་སུ་མི་མངོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་ད་ནས་བཟུང་སྟེ་ཚོགས་པའི་མིང་དང་། དཔའ་འབྱོར་ཁོ་ནའི་ཆེད་དུ་མ་ཡིན་པར་ལོ་ངོ་བཅུ་ཕྲག་འགའ་ཤས་ཁྲིམས་ཐག་བཅད་ཟིན་པའི་དཔའ་བོ། ཚེ་བཙོན་དང་སྲོག་ཁྲིམས་བཅད་་ཟིན་པའི་རྒྱལ་གཅེས་ཀྱི་དཔའ་བོ་དག་གི་ད་ལྟའི་ དངོས་ཡོད་ཀྱི་དཀའ་ངལ་ལ་གཞིགས་ནས་ལོ་ཚད་ཉུང་དུ་གཏོང་ཆེད་དང། སྲོག་ཁྲིམས་ཕྱིར་འཐེན་ཡོང་བའི་ལས་འགུལ་ནུས་ལྡན་ཞིག་སྤེལ་མི་ཐུབ་ན་ཡང་བསྐྱར་ ང་ཚོས་མར་མེའི་ཁྲོམ་སྐོར་ཞིག་ལས་བྱེད་རྒྱུ་གང་ཡང་ལྷག་མི་འདུག་སྙམ། དེར་བརྟེན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་དག་གིས་ད་ལྟ་ནས་བཟུང་སྟེ་ལས་ འགུལ་ནུས་ལྡན་ཞིག་སྤེལ་རྒྱུའི་དུས་ལ་སླེབས་འདུག། །།


Sunday 19 August 2012

མཁྲིས་ཅན་ལ་དུང་དཀར་གསེར་པོར་སྣང་།



༸གོང་ས་མཆོག་གིས་ང་ཚོས་གཞན་ཟེར་རྗེས་འབྲངས་མ་ཡིན་པའི་ཁུངས་ལྡན་གྱི་གནས་ཚུལ་རང་གིས་མཐོང་ཐོས་བྱུང་བ་དག་ཚང་མས་དོ་སྣང་ཆེན་པོས་ཡིག་ཐོག་ཏུ་འགོད་དགོས་ཞེས་གསུངས་པ་བཞིན་ལོ་རྒྱུས་འབྲི་མཁན་ཡིན་ནའང་འདྲ་དེ་བཞིན་ལོ་རྒྱུས་ཤོད་མཁན་ཡིིན་ནའང་འདྲ་ཉེ་དགའ་ཕྱོགས་རིས་དང་། སྤྲེལ་ལད། ཆགས་སྡང་རགས་པའི་གཞན་དབང་དུ་མི་འགྱུར་བར་དངོས་ཡོད་ལོ་རྒྱུས་དང་། དོན་དངོས་ཀྱི་གནས་ཚུལ་ལ་གཏུགས་ནས་འབྲི་དགོས་པ་ལས་རང་སྣང་གང་དྲན་གྱིས་དངོས་བྱུང་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་སྒྲིག་ནས་སྐྱེ་བོ་གཞན་ལ་སྨད་ར། སྒྲོ་སྐུར། འཆལ་གཏམ། རང་རྒྱལ་གཞན་ཕམ་སོགས་ཀྱིས་དྲིས་མ་འདྲེས་པར་དོན་དངོས་དང། དྲང་བདེན་གཞི་རྩར་བཞག་ནས་འབྲི་རྒྱུ་གལ་འགངས་ཤིན་ཏུ་ཆེ། འདས་པའི་ལོ་རྒྱུས་ནི་འབྱུང་འགྱུར་ང་ཚོའི་སྒྲོན་མེ་ཡིན།
དུས་འགྱུར་མ་བྱུང་གོང་བོད་དུ་ཆབ་སྲིད་སྐྱོང་རིམ་ཞེས་པའི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༢༤ དེའི་དཀར་ཆག་དོན་ཚན་བཞི་པ་ཧོར་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་ལོ་རྒྱུས་བཀའ་འདྲི་ཞུས་ལན་ཞེས་པ་དེའི་ནང་ཡིད་སྐྱོ་དགོས་པ་ཞིག་ལ་འཁྱོག་བརྗོད་དང་རུལ་དྲི་བྲོ་བའི་ཚིག་ངན་གྱིས་མང་པོ་ཞིག་འདུག ཧོར་ཟུར་ལགས་ཀྱིས་གསར་བརྗེའི་དཔའ་བོ་ལུང་ཤར་བ་མཆོག་གི་མིག་རིལ་བཏོན་རྒྱུའི་འཆར་གཞིར་རྒྱལ་པོ་རྭ་སྒྲེང་གིས་ཁོ་བོ་རྟེན་དགེ་སློང་ཡིན་ཙང་དབང་པོ་གཅོད་བྲེགས་ལ་ཕྱག་རྟགས་བསྩལ་རྒྱུ་ཡོང་མིན་བཀའ་གནང་དུས་ཀླུ་ཁང་པས་རིན་པོ་ཆེ་ཐུགས་ཁག་ཡོད་མ་རེད། སྐུ་ངོ་སྲིད་བློན་གྱིས་ཕྱག་རྟགས་གནང་ན་འགྲིགས་ཀྱི་རེད་ཅེས་ལམ་སང་འཆར་གཞི་ཚུར་ཞུས་ཀླུ་ཁང་པའི་ཕྱག་ཏུ་ཟིན་མུར་སྲིད་བློན་གླང་མདུན་ནས་ཕྱག་རྟགས་གནང་རྒྱུ་འཁེལ་དོན་ལུང་ཤར་མིག་རིལ་བཏོན་པ་རེད་”ཅེས་དང་། དེ་མིན་གསར་བརྗེ་དཔའ་བོ་རྩིས་དཔོན་ལུང་ཤར་མཆོག་གི་སྤྱན་འབྲས་བཏོན་རྒྱུའི་འཆར་གཞི་སྲིད་ཟུར་དམ་པ་མཆོག་གིས་གྲོས་མགོ་བཏོན་པ་ལྟ་བུ་མང་པོ་ཞིག་ཀྱང་བཤད་བྲིས་བྱས་འདུག
ཕྲན་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་ཕོད་པའི་རླབས་ཆེན་སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་གིས་དེ་ལྟར་གསུངས་ཡོད་མེད་གྱི་ཐད་ལ་ཉམས་ཞིབ་ཕྲན་བུ་ཞིག་མ་བྱེད་ཐབས་མེད་དུ་གྱུར། དེར་བརྟེན་གུས་པས་གསར་བརྗེའི་དཔའ་བོ་རྩིས་དཔོན་དམ་པ་ལུང་ཤར་མཆོག་དང་སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་རྣམ་གཉིས་ཀྱི་ལོ་རྒྱུས་ཁག་ལ་ཉམས་ཞིབ་ཕྲན་བུ་ཞིག་བྱས་འབྲས་སུ། ཁོང་གཉིས་ཀྱི་ལོ་རྒྱུས་གང་གི་ནང་ལ་ཡང་གོང་གི་ཚིག་ཉོག་དེ་འདྲ་མཐོང་རྒྱུ་དང་ཐོས་རྒྱུ་གཏན་ནས་མི་འདུགཡིན་ནའང་བཀའ་ཟུར་ས་དབང་ལྷ་ཀླུ་མཆོག་གིས་བྲིས་པའི་ངའི་ཕ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དྲན་གསོ་བྱས་པ་ཞེས་པའི་ནང་ལ་གསར་བརྗེའི་དཔའ་བོ་རྩིས་དཔོན་ལུང་ཤར་པ་མཆོག་གི་མིག་རིལ་འདོན་རྒྱུའི་འཆར་གཞི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར་སྤྱན་འབུལ་ཞུ་སྐབས། རྒྱལ་ཚབ་རིན་པོ་ཆེས་ང་ནི་བླ་མ་ཡིན་པས་འདིར་ལག་རྟགས་བརྒྱབ་ན་མི་འགྲིག ཁྱེད་ཚོས་གཟིགས་རོགས་གནང་གསུངས་པར་། སྲིད་བློན་གླང་མདུན་ནས་ཐུགས་ཁག་མིན་འདུག་ང་ཚོས་ཞུས་ཆོག་ཅེས་ཚུར་བསླངས་ནས་དེ་འཕྲལ་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་དང། བཀའ་བླ་དགེ་འདུན་ཆོས་དར། བཀའ་བློན་གནང་བྱུང་པ། སྣེ་མགྲོན་ཕུན་རབ་པ་བཅས་ནང་གྲོས་ཀྱིས་རུ་སུ་དམར་པོའི་ལས་ལུགས་བྱས་པ་རེད་ཅེས་སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་ནས་ལག་རྟགས་བཀོད་དེ་སྤྱན་གཉིས་བཏོན་ནས་ཚེ་བཙོན་དུ་ཐག་གཅོད་བྱས་”ཞེས་དང་། སྐུ་ངོ་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་འཛིན་རྩ་འཛུགས་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་བོད་གཞུང་གི་སྲིད་དབང་འཛིན་ཕྱོགས་ཐད་ནང་ཁུལ་དོན་མིན་བྱུང་སྐོར་ཞེས་པའི་ནང་ལུང་ཤར་འཛིན་བཟུང་གི་རྩེ་ཕོ་བྲང་པོ་ཏཱ་ལའི་ཤར་ཆེན་ལྕོག་ཏུ་བཅུག་ཅིང་། དེ་ནས་ཞིབ་དཔྱོད་ཚོགས་ཆུང་དེར་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་གྱི་བྱུས་བཀོད་ཤུགས་སྣོན་ལ་བརྟེན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིག་འབྲས་གཉིས་འདོན་རྒྱུའི་འཆར་གཞི་བཀའ་ཤག་བརྒྱུད་རྒྱལ་སྲིད་ལྷན་ཚོགས་ལ་འབུལ་སྐབས་རྭ་སྒྲེང་རྒྱལ་ཚབ་རིན་པོ་ཆེས་ང་དགེ་སློང་ཡིན་པས། དེར་ཕྱག་རྟགས་གནང་ཐབས་མེད་ལུགས་གསུང་པར་བརྟེན་བཀའ་བློན་ཚོས་ནང་གྲོས་ཀྱིས་ལུང་ཤར་གྱིས་རུ་སུ་དམར་པོའི་ལས་འགུལ་སྤེལ་ལུགས་ཀྱི་མིང་འདོགས་དེ་འདྲ་ཞིག་བཟོས་ནས་སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་ལ་སྙན་སེང་ཞུས་ཏེ་ཕྱག་རྟགས་ཕབ་པ་ལྟར་ལུང་ཤར་ཀྱི་དབང་པོའི་དང་པོམིག་འབྲས་གཉིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པའི་ཐོག་ནས་ཕྱིར་ཕྱུངས་ཏེ་བཙོན་དུ་བཅུགཞེས་དང་། བོད་རིག་པའི་ཞིབ་འཇུག་མཁས་དབང་ཆེ་མོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་དང་ནོར་བྲང་ཨོ་རྒྱན་ལགས་རྣམ་པ་གཉིས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བསུ་གསུམ་པ་ཆེན་པོ་དགོངས་པ་རྫོགས་པ་དང། བོད་ཀྱི་དབར་འཛིན་ནང་ཁུལ་སྲིད་དབང་འཕྲོགས་རེས་བྱས་པའི་སྐོར་ཞེས་པའི་ནང་ཁྲི་སྨོན་གྱིས་གནས་ཚུལ་དེ་ཐོས་འཕྲལ་སྲིད་སྐྱོང་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་ལ་སྙན་སྒྲོན་ཞུས་སྟབས་བཀའ་ཤག་གིས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་འཛིན་བཟུང་ཐོག་མིག་འབྲས་གཉིས་ཀར་བཏོན་པ་མ་ཟད། མཁར་དབང་ཡང་གཞུང་བཞེས་བཏང་ཞེས་གླང་མདུན་དང་ཁྲི་སྨོན་པ་སོགས་ཀྱིས་དེ་ལྟར་བྱས་པ་ལྟ་བུ་བྲིས་འདུག ཁྲི་སྨོན་པ་ནི་རྭ་སྒྲེང་རྒྱལ་ཚབ་སྐབས་ས་དབང་རྣམ་པའི་ཁྲོད་དབང་ཤུགས་ཆེ་བས་ཁོང་རང་གིས་དབང་ཤེད་ཁོ་ན་སྤྱད་དེ་ཉེ་ཕྱོགས་སྐུ་དྲག་ཁག་ལ་ཕྱོགས་རིས་གང་འདོད་དང་། ཁོང་རང་གི་ལྟ་སྤྱོད་མི་མཐུན་པའི་རིགས་ལ་དབང་ཤེད་ཆེན་པོས་བཟོ་ལྟ་ཚ་ནན་སྤྲོད་མཁན་གྱི་མི་སྣ་ཞིག་རེད།ཧོར་ཟུར་ལགས་ཀྱིས་བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས་ནང་ལ་ལྷ་ཀླུས་དེ་ལྟར་བྲིས་འདུག་ཅེས་མང་པོ་ཞིག་ལུང་དྲངས་འདུག་ཀྱང་། གོང་གི་ཚིག་དུམ་དེ་མི་མཐོང་བ་ཅི་ཡིན་ནམ།
ལེགས་བཤད་ལས། ཡོན་ཏན་མེད་པའི་སྐྱེ་བོ་དེ། ང་རྒྱལ་མགོ་འཕངས་ཅི་ལས་མཐོ་ཞེས་པ་ལྟར་ཧོར་ཟུར་ལགས་ཀྱིས་གཞན་ལ་ཤོད་མི་ནུས་པའི་ནང་གི་ཆགས་སྡང་ངན་པའི་རང་གཟུགས་ཤུགས་མ་ཐུབ་ཀྱིས་ཕྱིར་མངོན་ཏེ་མངོན་སུམ་འཛེམས་མེད་ཀྱིས་སྲིད་བློན་དམ་པ་ཀླུ་ཁང་པ་མཆོག་ཞེས་མཚན་སྙན་ཉི་ཟླར་འགྲན་པ་དེ་ཕྲག་དོག་གི་དུག་རླངས་ནག་པོས་སྒྲིབ་ཐབས་བྱ་བར་བརྩོན་གྱི་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད་འདུག
བོད་རྒྱལ་ཁབ་དང་། མི་རིགས་ཀྱི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་མཁན་རླབས་ཆེན་གྱི་མི་སྣ་དག་གི་མཛད་རྗེས་དག་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཙམ་མེད་པར། དེ་ལས་ལྡོག་སྟེ་རང་དང་མི་མཐུན་པ་རྒྱུ་མཚན་གྱིས་དེ་དག་ལ་ཞྭ་ནག་བསྐོན་ཐབས་ཀྱི་བྱ་བར་བརྩོན་པ་དེ་ནི། སྤྱི་བཏང་མི་ཆོས་རིང་ལུགས་ཀྱི་སྟེང་ནས་བཤད་ན་ཡ་རབས་བཟང་སྤྱོད་ཀྱི་བག་ཆགས་དྲི་མ་ཙམ་མེད་པའི་ཆེས་ཁྲམ་པ། ཆེས་མ་རབས། ཆེས་ཐ་ཤལ་གྱི་རང་རྟགས་ངོ་མ་ཕྱིར་མངོན་པ་ཞིག་རང་རེད། རྩིས་དཔོན་དམ་པ་ལུང་ཤར་མཆོག་འཛིན་བཟུང་བྱས་རྗེས་ཁྲི་སྨོན་པས་རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ང་ཚོ་བཀའ་ཤག་ལ་མིང་ཙམ་མ་གཏོགས་དབང་ཆ་མེད་ཅིང་དོན་དངོས་ཀྱི་དབང་ཆ་ནི་སྤྱན་བསལ་ཀུན་འཕེལ་ལགས་དང་ལུང་ཤར་གཉིས་ནས་རྒྱལ་དབང་རིན་པོ་ཆེའི་མཚན་ལ་བརྟེན་ནས་དབང་ཆ་ཆེན་པོ་བཟུང་ཡོད་ཅེས་ཡིད་མ་རངས་པ་ཞེན་འཁོན་གཏམ་བཤད་དེ་འདྲ་སྤེལ་ཡོད།
སྲིད་ཟུར་དམ་པ་ཀླུ་ཁང་པ་མཆོག་ནི་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ་གཉིས་ཀྱི་དགྱེས་ཚོར་གནང་ཡུལ་དང་བོད་གཞུང་དགའ་ལྡན་ཕྲོ་བྲང་ཕྱོགས་ལས་རྣམ་རྒྱལ་ལ་ངོ་དགའ་སྤྲེལ་ལད་ཀྱིས་གཞན་དབང་དུ་མི་འགྱུར་བར་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་སྒྲུབ་མཁན་དང་མི་གཤིས་ཀྱང་ཁ་རི་ཁ་ཐུག་ཞིག་ཡིན། དེ་སྔོན་གཞུང་གི་ལས་སྣེ་ཚོར་ལས་དོན་ཞུ་བར་བཅར་སྐབས། མར་དང་ཇ། དེ་མིན་དངུལ་སྲང་ཊམ་ག་སོགས་འབུལ་ཚན་དུ་འབུལ་སྲོལ་ཡོད། སྲིད་ཚབ་མཆོག་གིས་འབུལ་ཚན་རྩ་བ་ནས་བཞེས་ཀྱི་མེད་པ་མ་ཟད་ཐ་ན་ཁ་གཏགས་ཙམ་ཡང་བཞེས་མྱོང་མེད། དེར་བརྟེན་གཟིམ་ཤག་གི་རྒྱུ་ནོར་སྟོབས་ཤུགས་ལྷ་སའི་སྐུ་དྲག་གི་ཁྲོད་ནས་སྐྱོ་ཤོས་དེ་ཡིན། གཞུང་ཞབས་ཚོའི་དབྱར་སྐྱིད་ལོ་འཁོར་ཐུགས་སྤྲོ་བཤམས་རེས་སྲིད་བློན་མཆོག་ལ་འཁོར་སྐབས། སྲིད་བློན་མཆོག་གི་གཟིམ་ཤག་ནས་འགྲོ་གྲོན་སོགས་གཏོང་མི་ཐུབ་པར་སྐུ་ངོ་ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་གིས་རོགས་རམ་གནང་ཡོད།
༸གོང་ས་མཆོག་གིས་ཐུགས་རེ་ཆེན་པོས་སྲིད་བློན་ཀླུ་ཁང་པ་མཆོག་སྲིད་ཚབ་ཏུ་བསྐོ་བཞག་གནང་དུས་སྐུ་དྲག་གཞན་ལྟར་གཟབ་རྒྱུན་ན་བཟའ་ལེགས་གྲས་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་སྟབས། རྟགས་རྟེན་མ་འཇོལ་ཙམ་གྱི་མཛད་སྒོ་སྟབས་བདེ་ཞིག་གི་སྒོ་ནས་སྲིད་ཚབ་ཀྱི་བཞུགས་ཁྲིར་ཕེབས་པ་རེད། དགེ་འདུན་ཆོས་འཕེལ་ལགས་བཙོན་ནས་གློད་འགྲོལ་ཆེད། སྒོ་མང་གི་ལས་སྣེ་འབུལ་ཚན་འབུལ་བར་འགྲོ་མི་སྣང་ར་དགེ་འདུན་བཟོད་པ་ལགས་ཀྱིས་འགའ་རེས་ཟ་རྐྱང་དང་ལེན་རྐྱང་རེད། སྐུ་ངོ་ཀླུ་ཁང་པས་ང་གཉིས་ཀྱི་ལག་པ་ནས་པད་ཤག་ཞ་ར་གཅིག་བཟས་མ་སོང་ཞེས་དང་། དགེ་ཆོས་ལགས་གློད་གྲོལ་བྱུང་རྗེས་ཐུགས་རྗེ་ལེགས་འབུལ་ཞུ་བར་འགྲོ་སྐབས་ཀླུང་ཁང་པ་པད་ཤག་མི་ཟ་མཁན་ཡིན་ཙང་བྱེ་རིལ་ལྕགས་ཀྲིང་གཉིས་འཁྱེར་སོང་བ་ཡིན། ང་གཉིས་ཀྱི་ཨུ་ཚུགས་བརྒྱབ་ནས་སྤྲད་པ་ཡིན། ང་ལ་བུ་གུ་མང་པོ་རེད། བུ་གུ་ལ་རྔན་པ་སྤྲད་ཡག་ལ་ཏག་ཏག་རེད་གསུངས་ནས་བཞེས་སོང་། དེ་མ་གཏོགས་ཁ་བཏགས་སྐྱ་ཤ་ཙམ་ཡང་ང་གཉིས་ཀྱི་ལག་ནས་ལེན་མ་སོང་། སྡེ་པ་གཞུང་གི་སྐུ་དྲག་འདི་ལས་ཡག་པ་གཅིག་ཨེ་ཡོད་བསམ་པ་དྲན་བྱུང་ཞེས་སྲིད་ཚབ་དམ་པ་ཀླུ་ཁང་པ་མཆོག་གི་གཞུང་དོན་རྣམས་ཡ་རབས་བཟང་སྤྱོད་ཁོ་ནའི་ཐོག་ནས་ནས་སྒྲུབ་ཀྱི་ཡོད་པ་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་དག་གསུངས་འདུག
ཆུ་གླང་། ཕྱི་ལོ་༡༩༡༣ལོར་མདོ་སྨད་ཞི་དྲག་སྤྱི་འདོམས་བཀའ་བློན་བླ་མ་བྱམས་པ་བསྟན་དར་མཆོག་གི་ལས་བྱ་བཀའ་དྲུང་བསྐོ་བཞག་གནང་བ་ལྟར་མདོ་སྤྱི་གར་ཕེབས་ལྷན་བཅར་གནང་སྟེ་ཐོག་མར་ལྷོ་རྫོང་ཁུལ་དུ་བཞུགས་ཏེ་རི་བོ་ཆེ་དང་། ཁྱུང་པོ་དཀར་ནག་སེར་གསུམ། དཔའ་ཤོད་ཁུལ་ཡོད་རྒྱ་དམག་རྣམས་མཐར་སྤྲོད་གནང་སྟེ་རིམ་བཞིན་ཆབ་མདོའི་ས་ཁུལ་ཡོངས་རྫོགས་ཚུར་བཞེས་ཏེ་མདོ་སྤྱིའི་བཞུགས་ཡུལ་ཆབ་མདོར་སྤོ་གནང་མཛད་པ་དང། དམག་སྒར་ཁག་ལ་བཀོད་ཁྱབ་གནང་རྒྱུ། གསར་དུ་དཔུང་སྣོན་དང། ལས་སྣོན། རྫས་མདེལ་ཞུ་གཏོང་སོགས་ཀྱི་ཕྱག་ལས་ཕན་ནུས་ལྡན་པ་རྒྱ་ཆེར་གནང་ཡོད། རྒྱ་དམར་ཇག་ཚོགས་ཀྱིས་བོད་ཤར་ཕྱོགས་ནས་དྲག་པོའི་བཙན་འཛུལ་སྐབས་བཀའ་ཤག་དང་མི་མང་གིས་ཞུ་འབོད་ལྟར་༸གོང་ས་མཆོག་གི་སྐུའི་གསང་བ་གསུམ་ལ་འགལ་རྐྱེན་གནོད་འཚེ་སོགས་མི་ཡོང་བའི་ཆེད་གྲོ་མོར་ཆིབས་སྒྱུར་གནང་རྒྱུའི་གཏན་འཁེལ་གནང། སྐབས་དེ་དུས་༸གོང་ས་མཆོག་གིས་ཐུགས་རེ་ཆེན་པོས་ལོ་མང་གཞུང་ལས་གཡོ་ལྷད་མེད་པར་གནང་མཁན་ཉམས་མྱོང་ཅན་ཀླུ་ཁང་པ་དང་སེར་མོ་བ་བློ་བཟང་བཀྲིས་གཉིས་སྲིད་ཚབ་གསར་དུ་བསྐོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་སྟོན་འཁོར་གྲོ་མོར་ཆིབས་སྒྱུར་གནང་རྗེས། ལྷ་ས་ཁུལ་དུ་ཟིང་ཆ་ཡོང་གི་ཡོད་ཚུལ་སྦིར་སྒྲ་བསྒྲགས་པས་མང་ཚོགས་རྣམས་འཇིགས་སྣང་དང་དངངས་སྐྲག་ངང་གནས་དུས། རྒྱལ་གཅེས་ལྷག་བསམ་དང་། ལ་རྒྱ། སྐུ་ཡོན། ཐུགས་མྱོང་སོགས་གང་ས་ནས་ཀྱང་མི་དམན་པའི་སྲིད་ཚབ་ཀླུ་ཁང་པ་དང་བློ་བཟང་བཀྲིས་གཉིས་ཀྱིས་ལྷིང་འཇགས་བག་ཕེབས་ངང་གནས་ཐུབ་པ་བཟོས་ཡོད། དེ་ཡང་སྐུ་ངོ་ཞ་སྒབ་དབང་ཕྱུག་བདེ་ལྡན་མཆོག་གིས་༸གོང་ས་ཆེན་པོ་མཆོག་གྲོ་མོར་ཆིབས་བསྒྱུར་གནང་སྟེ་ཁམས་ཕྱོགས་ཀྱི་གནས་ཚུལ་ཉིན་རེ་བཞིན་ཉེན་འགན་ཇེ་ཆེར་འགྲོ་བའི་སྐབས་མི་ངན་འགའ་ཤས་ཀྱིས་ལྷ་སའི་ནང་འུར་གཏམ་ཆེད་བཟོས་རྐུན་ཇག་དང། བཅོམ་འཕྲོག་ཡོང་རྒྱུར་ཚང་མར་བློ་གཡེང་ཆེན་པོ་བྱུང་ཡང། སྲིད་ཚབ་བློ་བདེ་རྣམ་གཉིས་ནས་ཐུགས་འགན་བཞེས་ཏེ་ལྷ་ཞོལ་གཉེར་མི་དཔོན་དང། ཁྲིམས་སྲུང་རྣམས་ལ་བདེ་འཇགས་བལྟ་རྟོགས་དགོས་པའི་བཀའ་ཁྱབ་ཐོག གཞུང་ཞབས་སེར་སྐྱ་སྦྲེལ་པོ་ཁག་བགོས་ཀྱིས་མཚན་མོ་བལྟ་སྐོར་བྱེད་འཇུག་གནང། གྲོང་ཁྱེར་གྱི་བཟའ་བཅའི་རིན་ཐང། མདོར་ན་གཟན་མེ་ཤིང་ཡན་གྱི་རིན་གོང་ལ་འབལ་ཉོ་དཀོན་ཚོང་མི་ཆོག་པའི་ཞིབ་འཇུག སྨོན་ཚོགས་སྐབས་འབྲས་སྤུངས་ཚོགས་ཆེན་དགེ་བསྐོས་ཟུང་ནས་སྔར་ལམ་ཁྲིམས་གནོན་བྱེད་རྒྱུར་ཟ་བེད་བརྡབ་གསིགས་མི་ཆོག་པའི་ཚ་བརྗིད་ཅན་གྱི་བཀའ་ཁྱབ་འདོམས་པ་སོགས་ཡུལ་སྤྱིའི་བདེ་འཇགས་དང། དཔལ་འབྱོར། ལྷག་པར་གཞུང་གི་སྔར་སྲོལ་སྒྲིག་ཁྲིམས་བཅས་ལ་ཐུགས་སྣང་ཧ་ཅང་ཆེན་པོ་གནང་སྟེ་ཡུལ་མི་སེར་སྐྱ་མཆོག་དམན་ཚང་མས་སྲིད་ཚབ་བློ་བདེ་གཉིས་ནས་མཚན་དོན་དང་མཚུངས་པའི་ང་ཚོ་བློ་བདེ་བག་ཕེབས་བཟོས་གནང་བྱུང་ཞེས་ཀུན་གྱི་སྤྱི་མོས་དང། བསྔགས་བརྗོད་ཆེན་པོ་ཞུ་བ་རེད་ཅེས་དང་།
སྲིད་ཟུར་དམ་པ་མཆོག་སྲིད་ཚབ་གནང་རིང་༸གོང་ས་མཆོག་གི་ཐུགས་རེ་ལྟར་གཞུང་དོན་ལས་ཀར་གཡོ་ཟོལ་ཉིན་གཅིག་ཙམ་ཡང་གནང་མེད་པ་མ་ཟད་ལས་དོན་ཁག་སྒྲུབ་དུས་སྲིད་ཚབ་རྣམ་གཉིས་གཅིག་འོག་གཅིག་ཏུ་མ་འདུས་པ་ལྟ་བུ་མ་མིན་པར་ཕན་ཚུན་དགོངས་ཚུལ་ལྷུག་པོར་བརྗོད་དེ་ཐག་གཅོད་ཀྱི་ཡོད། དེ་ཡང་སྐུ་ངོ་ཐུབ་བསྟན་བསམ་མཆོག་ལགས་ཀྱིས་སྲིད་ཚབ་རྣམ་གཉིས་ཕྱག་ལས་ལོ་འཁོར་ཕྱེད་གཉིས་ཙམ་གནང་རིང། དགུང་གསར་སོགས་འཆར་འཕར་མཛད་སྒོ་ཁག་དང་། རེས་གཟའ་སྤེན་པའི་མཛད་སེང་ཙམ་ལས། དུས་ཀུན་ཤོད་གཟིམ་ཆུང་དུ་ལྷན་རྒྱས་རྟག་ཕེབས་གནང་བ་ལས། སྙུན་དགོངས་དང། དལ་བཞུགས་གནང་བ་སོགས་བྱུང་མ་སོང། ཕྱག་ལས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང། སྐུ་ངོ་སྲིད་ཚབ་གཉིས་ཕན་ཚུན་དགོངས་བསྡུར་ནན་བརྟག་གནང་སྟེ། ༸རྒྱལ་དབང་དོན་གྱི་བདག་པོ་གྲོ་མོ་བཞུགས་སྒར་དུ་སྐུ་བཞུགས་གནང་བར་གང་ཅིའི་གནས་ལུགས་ཆོས་སྤྱོད་སྙན་ཞུ་དང། ཆབ་མདོ་ནས་རྒྱ་དམར་གྱིས་བཙན་འཛུལ་སོགས་ལ་བརྟེན་པས་ཞི་དྲག་ཕྱི་ནང་གང་ཅིའི་ཕྱག་ལས་མཛད་རྒྱ་ཤིན་ཏུ་ཆེ་ན་ཡང། གནས་སྙན་ཚང་མར་རེ་རེ་བཞིན་ཞིབ་གཟིགས་ཀྱིས་བྱེད་བདེའི་བཀའ་ལན་འཕྲལ་འཕྲལ་གནང་བ་དང། འཆར་འཕར་གྱི་མཛད་སྒོ་རྣམས་ཀྱང་༸རྒྱལ་དབང་དོན་གྱི་བདག་པོ་དངོས་བཞུགས་ལྟར་གཟི་བརྗིད་སྔ་ཉམས་དང་ལྡན་པ་གནང་སོང་ཞེས་བསམ་ཡོད་ཅན་གྱི་མི་སྣས་བསྔགས་བརྗོད་དང་ཡིད་རངས་ཞུ་ཡི་འདུག
རྒྱ་དམག་གིས་ཆབ་མདོར་དྲག་པོའི་བཙན་འཛུལ་བྱས་ཏེ་བཙན་ཤེད་ཆེན་པོས་ཐམ་ག་རྫུན་མ་བཟོས་ཏེ་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་བཅུག་ནས་རྒྱ་དཔོན་ཀྲང་ཅིང་ཨུ་ལྷ་སར་ཐོག་མར་འབྱོར་སྐབས། ཕན་ཚུན་འཚམས་འདྲི་གནང་རྗེས། ཁོ་བས་བོད་ཞི་བའི་བཅིངས་བཀྲོལ་ཐོབ་ནས་གྲོས་ཆོད་ཞི་དོན་ལེགས་འགྲིགས་ཟིན་པར་སྲིད་ཚབ་རྣམ་གཉིས་ཐུགས་མཉེས་པོ་བྱུང་ཡོད་ཀྱི་རེད་ཅེས་བརྗོད་དུས།སྲིད་བློན་ཀླུ་ཁང་པས་དེའི་སྐོར་ལ་རིམ་པས་བཀའ་མོལ་ཞུ་རྒྱུ་ཡོད་ཅེས་རྒྱ་དམར་གྱི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་གསལ་པོར་བསྟན། བོད་རྒྱ་གཉིས་ཀྱི་ལས་དོན་སྐོར་གལ་ཆེའི་ཚོགས་འདུ་འཚོགས་སྐབས། བོད་མི་མང་གི་བདེ་སྡུག་ཁོ་ན་ཐུགས་སུ་བཅངས་ཏེ། རྒྱ་དམར་གྱིས་དྲག་ཤུགས་དཔུང་ངོམ་དང། འཇམ་རྩུབ་ཇི་ལྟར་བྱས་ཀྱང་། རྩ་བའི་ཞི་དོན་གྲོས་ཆོད་རྩ་བཟུང་གིས་འདི་དང་འདི་ཁྱོད་ཚོས་འགལ་བ་བྱས་སོང། འདི་དང་འདི་གྲོས་ཆོད་ནང་གསལ་མེད་ཅེས་དངོས་སུ་ངོ་ལྐོག་མེད་པར་ཁ་ཐུག་གསུངས་ཀྱི་ཡོད། ཀྲང་ཅིང་ཨུས་ཚོགས་འདུ་སར་ང་ཚོའི་བཟའ་བཅའ་ཡོངས་རྫོགས་བོད་ནས་གོ་སྒྲིག་བྱེད་དགོས་ཞེས་བཙན་ཤེད་ཀྱི་སྒོ་ནས་བཤད་དུས། ༸གོང་ས་མཆོག་གི་མཛད་རྣམ་ལས་ཀླུ་ཁང་པས་བོད་མི་རྣམས་སྙོམས་ཆུང་ཆོས་བྱེད་པ་ཡིན་སྟབས་ཡུལ་གྱི་ཐོན་སྐྱེད་རང་ཉིད་ལ་ལྡེང་ཙམ་ལས་མེད། ཁ་ལྷག་ཕྲན་བུ་ཡོད་རིགས་ནས་རྒྱ་དམག་རྣམས་ལ་ཟླ་བ་རེ་ཟུང་ལས་མེད་ལྡེང། གློ་བུར་དུ་ཐོན་སྐྱེད་མང་པོ་བཟོ་མི་ཐུབ་ལྷ་སར་དམག་ཤུགས་ཆེན་པོ་འདི་འདྲ་ཉར་དགོས་པའི་རྒྱུ་མཚན་མེད་ཅེས་དང་།
བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་ ༡༦ སྲིད་ཚབ་གཉིས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་གཏོར་བཤིགས་གཏོང་བའི་མཐོང་ཐོས་ཞེས་པའི་ནང་ལ་སྲིད་ཚབ་ཀླུ་ཁང་པས་ང་ཚོ་བོད་མི་དམངས་ལའང་བཟའ་འབྲུ་འདང་མིན་ལ་འབྲུ་རིགས་ཕོན་ཆེ་ཞུ་ཚོང་ཐབས་མི་འདུག་གསུངས་པ་མ་ཟད། དམག་ཤོར་བ་ལས་གྲོད་ཁོག་ལྟོགས་པ་དཀའ་ལས་ཁག་གི་རེད་ཨཱ་ཅེས་རྒྱ་དམར་ཇག་ཚོགས་ཀྱིས་ཞི་བདེ་བག་ཕེབས་ལ་གནས་པའི་བོད་མི་རྣམས་ཀྱི་མགོ་ཐོག་ཏུ་ཧམ་ཤེད་ཆེན་པོས་བཙན་འཛུལ་བྱས་པར་མི་འདོད་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད།
ཀྲང་ཅིང་ཨུས་ང་ཚོའི་གཞུང་ནས་གྲོས་མཐུན་ལ་མིང་བཏགས་བཀོད་གསལ་ལྟར་རྒྱ་དམག་བོད་དུ་འཇོག་དགོས་ཤིང། སྡོད་ས་དང་བཟའ་ཆས་སྤྲོད་དགོས། ཁོང་ཚོ་ནི་བོད་ཀྱི་ཐོན་སྐྱེད་ཡར་རྒྱས་དང། བཙན་རྒྱལ་རིང་ལུགས་ཀྱི་བཙན་ཤུགས་འོག་ནས་སྲུང་སྐྱོབ་བྱེད་ཆེད་ཡོང་བ་ཡིན། བོད་མི་རྣམས་རང་མགོ་ཐོན་པ་དང། ས་མཚམས་ཀྱི་སྲུང་སྐྱོབ་བོད་མིས་བྱེད་ཐུབ་ན་རྒྱ་དམག་རྣམས་རྒྱ་ནག་ཏུ་ཕྱིར་ལོག་བྱེད་ཀྱི་ཡིན། ཁྱོད་ཚོ་ཁྱེད་རང་ཚོའི་རྐང་པའི་སྟེང་ལ་ལངས་ཐུབ་ན་ང་ཚོར་སྡོད་རོགས་བརྗོད་ཀྱང་སྡོད་ཀྱི་མ་རེད་ཅེས་བརྗོད་དུས་སྲིད་བློན་ཀླུ་ཁང་པས་ང་ཚོའི་ས་མཚམས་སུ་ཉེན་ཁ་བཟོ་མཁན་རྒྱ་མི་མ་གཏོགས་མེད། ང་ཚོ་རང་མགོ་ཐོན་ནས་ལོ་བརྒྱ་ཕྲག་མང་པོ་ཕྱིན་སོང་ཞེས་དང་ ཁྱོད་ཚོ་བོད་དུ་རོགས་རམ་ཆེད་ཡོང་ཚུལ་བརྗོད་མུས་ཀྱང་། ད་ཕན་རོགས་རམ་གང་ཡང་བྱས་མ་སོང་བ་མ་ཟད། རྒྱ་མི་བོད་ལ་ཡོད་པ་ཙམ་གྱིས་ང་ཚོར་དཀའ་ངལ་ཡོང་གི་འདུག་ཅེས་བདེན་དོན་ངོ་མ་རྣམས་ཞུམ་པར་མེད་གསུངས་ཡོད། རྒྱ་དམར་གྱི་དཔོན་རིགས་ཚོས་བོད་དམག་རྣམས་བཅིངས་བཀྲོལ་དམག་ལ་བསྒྱུར་བའི་དུས་སུ་བབས་ལུགས་དང་། བོད་དམག་གཞོན་ནུ་འདེམས་བསྒྲུགས་ཀྱིས་ལྷ་སར་རྒྱ་མིའི་དམག་སྒར་ནང་ལ་སློབ་སྦྱོང་དུ་གཏོང་དགོས་ཞེས་བརྗོད་སྐབས་སྲིད་བློན་ཀླུ་ཁང་པས་བསམ་འཆར་དེ་ནི་དགོས་དོན་མེད་ལ་ཁས་ལེན་ཐུབ་པའང་མ་རེད། རྒྱ་ནག་ཏུ་གྲོས་མཐུན་དོན་ཚན་ ༡༧ ལ་མིང་རྟགས་བཀོད་ཚུལ་རྒྱ་མི་ཚོས་བརྗོད་པ་དེ་དག་ང་ཚོའི་མི་མང་ནས་ཁས་ལེན་བྱས་པ་མེད། གྲོས་མཐུན་གྱི་དོན་ཚན་རྣམས་ལ་ནི་རྒྱ་དམར་རང་ཉིད་ནས་ཡང་ཡང་འགལ་འདས་བྱས། བོད་ཤར་ཕྱོགས་ད་དུང་རྒྱ་མིའི་དམག་འོག་ཏུ་ཡོད། ས་ཆ་དེ་རྣམས་བོད་གཞུང་ལ་ཕྱིར་སྤྲོད་དགོས་ཀྱང་སྤྲད་ཡོད་པ་མ་རེད། བོད་ལ་རྒོལ་འཛིངས་བྱས་པ་ནི་བདེན་འབྲེལ་ཞིག་མ་ཡིན། ཞི་བའི་གྲོས་མོལ་བྱེད་སྐབས་རྒྱ་མིའི་དཔུང་དམག་དངོས་སུ་ས་ཐོག་ཏུ་བཙན་འཛུལ་བྱས་པ་རེད། བོད་དམག་རྒྱ་དམག་ཏུ་བསྒྱུར་རྒྱུའི་ཐད་ལ་བཅོས་བསྒྱུར་སྐོར་བོད་མིར་བཙན་ཤེད་མི་བྱེད་པ་གྲོས་མཐུན་ནང་གསལ་ཡོད། བཅོས་བསྒྱུར་དེ་ལ་བོད་མིས་དགའ་མོས་མི་བྱེད་ཅེས་རྒྱ་དམར་སྲིད་བྱུས་ཀོ་བ་སྐམ་པོ་མགོ་ལ་གཡོག་པ་ལྟ་བུ་དེ་ལ་དངོས་སུ་ངོ་རྒོལ་གནང་ཡོད། གཡོ་སྒྱུ་ཁྲམ་གསུམ་ལ་བྱང་ཆུབ་པའི་རྒྱ་ཇག་ཀྲང་ཏའེ་པེའོ་དང། ཀྲང་གོ་ཧྭ་སོགས་ནས་བོད་དམག་འདི་རྣམས་ཁོ་བ་ཚོའི་ལག་འོག་ཏུ་བེད་སྤྱོད་གཏོང་རྒྱུའི་བྱུས་ངན་བོད་དམག་གི་རུ་བརྒྱ་ལས་མེད་མང་པོ་བསྡད་ཡོད་ཤིང་ཁོང་ཚོར་འཚོ་བ་དང། སློབ་སྦྱོང་གི་བཀོད་སྒྲིག་བྱས་ན་ཞེས་བརྗོད་དུས་སྲིད་བློན་ཀླུ་ཁང་པས་གསུང་དོན། ད་ལྟ་ཁོ་ཚོར་སློབ་སྦྱོང་བྱས་ན་འགྲིགས་ཀྱི་མ་རེད། དེ་གང་ཡིན་ཟེར་ན། བོད་ཀྱི་གཏམ་དཔེར། མགོ་གསེར་སྐུས་བཅག་ན་བྱིན་རླབས་མེད། དམའ་ཉེ་བས་ཕབ་ན་དགའ་རྒྱུ་མེད། ཟེར་བ་ལྟར་ཆབ་མདོར་ང་ཚོའི་མགོ་བོ་བརྡུངས་བའི་ཁྲག་རལ་མ་སྐམ་པར་སློབ་སྦྱོང་བྱེད་ཐབས་ག་ལ་ཡོད། དེ་ལས་སྔོན་ལ་ཆབ་མདོ་ང་ཚོར་ཕྱིར་སློག་གནང་དགོས་ཟེར་ཞེས་རྒྱ་དམར་ཇག་ཚོགས་ཀྱིས་ཞི་བའི་བཅིངས་འགྲོལ་ལ་ཁ་གཡར་ནས་བོད་མི་དམར་གསོད་བཏང་བའི་སྐོར་ལ་འཇིགས་ཞུམ་སྤུ་ཙམ་མེད་པར་རང་སྲོག་བློས་བཏང་གིས་ངོ་རྒོལ་གནང་ཡོད། རྒྱ་དམག་ཇག་དཔོན་གྱིས་ཁ་མཁས་བསླུ་བྲིད་ཀྱི་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་དགོས་པ་དང། བོད་ཀྱིརྒྱལ་དར་དེ་བོད་ཀྱི་དམག་སྒར་ཁག་ནས་ཕབ་སྟེ་རྒྱ་མིའི་དར་ཆ་འཛུགས་དགོས་ཚུལ་བརྗོད་པར་སྲིད་བློན་ཀླུ་ཁང་པས་རྒྱ་མིའི་དར་ཆ་བཙུགས་ན་བོད་དམག་གིས་ཕབ་ཀྱི་རེད། དེ་ལྟར་བྱུང་ན་ངོ་ཚ་པོ་ཡོང་གི་རེད་ཅེས་དང། ཡང་བོད་དུ་རྒྱ་མིས་བཙན་འཛུལ་བྱས་ཟིན་པར་བརྟེན་འབྲེལ་ལམ་བཟང་པོ་བྱེད་དགོས་ཚུལ་བརྗོད་པ་དེར་སྙིང་པོ་ཡོད་པ་ཞིག་མ་རེད། མི་ཞིག་གི་མགོ་ལ་བརྡུངས་ཏེ་ཀ་ལི་བཅག་ནས་ཁྲག་མ་བསྐམ་པར་ཡོད་མུས་སུ་དེ་དང་ལམ་སེང་གྲོགས་པོ་ཡོང་ཐབས་མེད་པ་ལྟར་རེད་ཅེས་སོགས་གཡོ་བྱུས་ལ་ལན་ཚ་བོ་ཚ་བོ་ཐད་ཀར་གསུངས་པས་ཕན་མིང་ཁོང་ཁྲོ་ལངས་ནས་སྐར་ཅོར་ཆེན་པོ་ངང་ཀླུ་ཁང་པས་ལྐོག་ཏུ་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་དང་འབྲེལ་བ་བྱས་ཚུལ་བརྗོད་ནས། ཀླུ་ཁང་པ་ལས་འཁུར་ཕྱིར་འཐེན་དགོས་ཚུལ་ཏཱ་ལའི་བླ་མར་ཞུ་རྒྱུ་ཡིན་ཞེས་བརྗོད་པར་སྲིད་བློན་ཀླུ་ཁང་པས་ཏཱ་ལའི་བླ་མས་ངས་ནོར་འཁྲུལ་བྱས་པ་གཟིགས་ཀྱི་ཡོད་ན་ལས་འཁུར་ལས་ལྷག་པ་སྲོག་ཀྱང་གཏོང་གི་ཡིིན། དེ་མིན་རྒྱ་མིས་ང་ཚོར་བཀའ་གནང་དགོས་དོན་མེད། རྒྱ་མིའི་བཀའ་ལ་མི་ཉན་ཐག་ཆོད་ཡིན་ཞེས་རྒྱ་དམག་ཇག་ཚོགས་ཀྱིས་དངུལ་དང་དེ་མིན་ཞི་དྲག་ཐབས་ཤེས་ཇི་ལྟར་བེད་སྤྱོད་བཏང་ན་ཡང་སྲིད་བློན་ཀླུ་ཁང་པས་འཁོར་ངན་ངོ་སྲུང་དཔོན་གྱི་དགྲ་རེད་ཅེས་གཞན་གྱིས་ངོ་སྲུང་སྟེ་སྤྱི་དོན་ཆེད་བཤད་དགོས་སར་བཤད་མ་ཐུབ་པ་དང། ལས་དོན་བྱེད་དགོས་པ་རྣམས་བྱེད་མ་ཐུབ་ན། དེ་དངོས་གནས་དཔོན་གྱི་དགྲ་རེད་ཅེས་རྒྱ་དམག་ཇག་དཔོན་ཚོ་དང་། གདོང་དང་གདོང་གཏུགས་ཀྱིས་ཐད་ཀར་ལན་འདེབས་ཁ་རི་ཁ་ཐུག་ཐེངས་མང་གནང་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་དོར་དགོས་བྱུང་ནའང་འགྱོད་པ་སྤུ་ཙམ་མེད་ཅེས་ཡང་ཡང་གསུངས་མྱོང་ཡོད། ༸གོང་ས་མཆོག་གིས་ཀྱང་ཀླུ་ཁང་པས་སྙིང་སྟོབས་ཆེན་པོས་རྒྱ་མིར་ལན་འདེབས་བྱས་པ་དེར་ཕྲན་བརྩི་མཐོང་ཆེན་པོ་ཡོད་ཞེས་སྲིད་ཟུར་དམ་མཆོག་གི་ཞུམ་པ་མེད་པའི་བློ་སྟོབས་ལ་བསྔགས་བརྗོད་གནང་གི་ཡོད། 
                                                                                                                                     
 ཡང་ཧོར་ཟུར་ལགས་ཀྱིས་ས་དབང་ལྷ་ཀླུའི་བཀའ་མགྲོན་བྱང་ཆུབ་རྡོ་རྗེས་ཕྲན་ལ་ལྷ་ཀླུ་མ་འཁྱུར་བར་དུ་རྒྱ་མི་ཡོང་གི་མ་རེད་ཅེས་བཤད་བྱུང་ཞེས་དང་། དེ་ཡི་བདེན་འབྲེལ་ནི་ང་ཕོད་ཀྱིས་མདོ་སྤྱི་རྩིས་ལེན་མ་བྱས་བར་རྒྱ་མིས་ཆབ་མདོར་དངོས་སུ་དྲག་གནོན་གཏོར་སྐྱོན་བཏང་མེད་ཅེས་བཀའ་ཟུར་ས་དབང་ལྷ་ཀླུ་མཆོག་དང་རྒྱ་མིའི་བར་འབྲེལ་བ་ཡོད་རེད་ཅེས་བཤད་འདུག
རྒྱ་དམར་གྱིས་བོད་ཤར་ཕྱོགས་ཆབ་མདོ་ནས་ལས་སླ་བོ་བཙན་འཛུལ་བྱེད་ཐུབ་པ་དེ་ནི་ང་ཕོད་ས་དབང་ཆེན་མོ་དེ་སྔོན་ལྷ་ཀླུས་བཙུགས་པའི་མདོ་སྨད་ཁུལ་བར་ལུང་མདོ་སོགས་ས་འགག་གལ་ཆེ་ཁག་དང། ཆབ་མདོའི་བྱང་ཤར་ས་མཚམས་རི་རྩེ་ཚང་མར་སོ་སྲུང་སྲ་བརྟན་འགྲེམས་འཛུགས་གནང་བའི་རྩེ་རིའི་སྲུང་བྱ་དམག་མི་རྣམས་འཐེན་གནང་བ་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས། ས་དབང་ལྷ་ཀླུ་དང་རྒྱ་འབྲེལ་ཡོད་པའི་རྟགས་སུ་མི་མངོན། རྒྱལ་ཁབ་གང་འདྲ་ཞིག་གི་མཐའ་མཚམས་སྲུང་དམག་བརྟན་པོ་མེད་ན་དེའི་ནང་ལ་ལས་སླ་བོའི་ངང་དགྲ་བོས་བཙན་འཛུལ་བྱེད་ཐུབ་ཀྱི་ཡོད། དཔེར་ན་ང་ཚོའི་ཁྱིམ་ཚང་ཞིག་སྒོ་དང་ཉེ་འཁོར་གྱི་ལྕགས་རི་བརྟན་པོ་ཡག་པོ་མེད་ན་ནང་ལ་རྐུན་པོ་ལས་སླ་བོས་འཛུལ་ཐུབ་པ་ང་ཚོས་མིག་མཐོང་ལག་ཟིན་ལྟ་བུ་རེད། གནས་སྟངས་རགས་པ་དེ་འདྲ་ཙམ་ཡང་མི་ཤེས་པར་ད་དུང་བོད་ཀྱི་བྱས་རྗེས་ཅན་གྱི་བཀའ་བློན་ཚོར་ལེགས་ཉེས་དཔྱད་གཅོད་བྱ་རྒྱུ་དེ་ནི་ནེ་ཙོས་ཁ་ལ་འབུ་སྲིན་ཟ་བཞིན་མ་ཎི་འདོན་པ་དང་ཅི་མི་མཚུངས།
ས་དབང་ལྷ་ཀླུའི་ཞལ་ནས་ངོས་ཀྱིས་ཆབ་མདོའི་ས་མཚམས་རི་རྩེ་ཁག་སྲུང་བྱ་རིམ་སྣོལ་དུ་བཙུགས་ཡོད་ཀྱང་ང་ཕོད་ནས་དེ་འདྲ་དགོས་ཀྱི་མ་རེད་ཅེས་ཚང་མ་ཕྱིར་འཐེན་གནང་ཙང་གློ་བུར་རྒྱ་མི་ཆབ་མདོར་ཤོར་ཡག་རྒྱུ་རྐྱེན་དེ་འདྲ་རེད་”ཅེས་གསུངས་པ་དེ་ལས་ཀྱང་ཤེས་ཐུབ། མི་ཚེ་ཕྱོགས་རིས་དང་ང་རྒྱལ་ལ་གོམས་པའི་ཧོར་ཟུར་ཁྱོད་ཀྱིས་དྲི་ངན་བྲོ་བའི་རྫུན་ཚིག་ཤིང་སྡོང་རུལ་པོ་དེ་ལྷ་ཀླུ་ས་དབང་ཆེན་མོས་ས་འགག་གལ་ཆེ་ཁག་དང། མཐའ་མཚམས་ཀྱི་རི་རྩེ་ཁག་ཚང་མར་རྒྱ་དམར་གྱི་བཙན་རྫུན་འགོག་བྱེད་སོ་སྲུང་སྲ་བརྟན་འགྲེམས་འཛུགས་གནང་ནས་དམག་རྒྱག་གྲ་སྒྲིག་ཨང་གསར་བྱས་ཡོད་པ་བདེན་པའི་རལ་གྲིས་རྩ་བཀོག་བཏང་སྟེ་གཅོད་ཐུབ། གསང་མི་ཐུབ་པའི་གསང་ཞེས་པའི་ནང་མདོ་སྤྱི་ལྷ་ཀླུས་ནང་ཆེན་ཁུལ་གྱི་དཔོན་རྒན་ཁ་ཤས་དང་ཡང་ལྷན་ཚོགས་གྲོས་མཐུན་གྱིས། སྔོན་ལ་སྐྱེ་རྒུ་མདོར་ཟླ་ ༧ ཚེས་ ༢ ཉིན་རྒྱ་དམག་ལ་ཕར་རྒོལ་བྱེད་འཆར་གཏན་འཁེལ་ཡང་ཞེས་དང་ལྷ་ཀླུ་ནི་ཆབ་མདོའི་ས་བབ་ལ་རྒྱུས་མངའ་དང་ཡུལ་མིར་འབྲེལ་ཆེ་ཞིང། རྒྱ་ནག་དགྲ་བོ་ཡིིན་པ་གསལ་པོ་ངོས་འཛིན་ངེས་ཤེས་རྙེད་དེ། རྒྱ་ནག་ལ་ཕར་རྒོལ་གྱི་འཆར་འགོད་ཆོས་སེམས་ལྡན་པ་ཞིག་རེད་ཅེས་བྲིས་འདུག ངོ་མ་རེད་ས་དབང་ལྷ་ཀླུ་མཆོག་ནི་བོད་རྒྱལ་ཁབ་དང་མི་རིགས་ལ་རྒྱ་ཡོད་པའི་བསམ་ཡོད་ཅན་གྱི་མི་སྣ་ཞིག་ཡིན། ཁོང་གིས་བྲིས་པའི་ཁོང་རང་གི་ལོ་རྒྱུས་ནང་གཙུག་ལག་ཁང་གི་བར་ཐོག་སྣང་སྲིད་ནང་ཀྲང་ཏའི་པེའོ་དང་། ཀྲང་གོ་ཧྭ། ཐན་ཀོན་སཱན། ཕཱན་མིང་སོགས་དང། སྲིད་བཀའ་མཉམ་ཚོགས་སྐབས་ཀྲང་ཅིན་ཝུའུ་ནས་བོད་ཀྱི་ཅུན་ཆུས་ཁོངས་སུ་བོད་ས་གནས་སྲིད་གཞུང་ནས་སི་ལིང་ཡོན་གཞོན་པ་གཉིས་དགོས་པ་བཀའ་བློན་ནང་ནས་ང་ཕོད་དང་ལྷ་ཀླུ་གཉིས་ལ་བསྐོས་ན་ག་འདྲ་འདུག་གམ་ཞེས་གསུངས་སོང་བར་ཚང་མ་གྲོས་བསྡུར་བྱེད་སྐབས་ངོས་རང་གི་བསམ་པར། འདི་ཐད་ཅུན་ཆུས་དཔོན་རིགས་དང། བཀའ་ཤག་གྲོས་བསྡུར་གྱིས་ཐག་གཅོད་བྱས་ན་༸གོང་ས་མཆོག་གི་སྐུ་དབང་དང་འགལ་གྱི་ཡོད་ཙང་ངོས་ནས་འདི་སྐོར་༸གོང་ས་མཆོག་ལ་དགོངས་བསྐོར་ཞུས་ཏེ་གཏན་འཁེལ་གནང་ན་ཞེས་བཤད་པ་ཡིན་ཞེས་དང་། ང་ཕོད་མདོ་སྤྱི་གསར་བསྐོས་ཀྱི་སྐབས་སྐུ་མགྲོན་ཧ་ཅང་མང་པོ་ཕེབས་འདུག་ལ། གསོལ་སྟོན་ཡང་གཟབ་རྒྱས་གཤོམ་གནང་མཛད་སོང། དགོང་དྲོའི་གསོལ་ཚིགས་ཞུས་ཟིན་རྗེས་ལྷ་སའི་ཆུ་ཚོད་ ༩ པ་པེ་ཅིན་ཆུ་ཚོད་ ༡༡ ཙམ་ལ་ནང་དུ་ལོག་ཡོང་གི་ཡོད་ཅིང་ཞེས་པའི་ཚིག་དུམ་དང་པོས་བོད་ཀྱི་དཔོན་རིགས་བསྐོ་བཞག་དབང་ཆ་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་མ་གཏོགས་རྒྱ་ནག་དམར་ཤོག་གི་དཔོན་པོ་ཚོར་མེད་པ་དངོས་སུ་གསལ་སྟོན་བྱས་འདུག ཚིག་དུམ་གཉིས་པས་ལྷ་སའི་ཆུ་ཚོད་ ༩ པ་པེ་ཅིན་ཆུ་ཚོད་ ༡༡ ཞེས་པ་དེས་བོད་དང་རྒྱ་ནག་གཉིས་རྒྱལ་ཁབ་ཐ་དད་ཡིན་པ་དངོས་སུ་བསྟན་འདུག རྒྱལ་ཁབ་གཅིག་གི་ནང་ལ་གཅིག་འགྱུར་གྱི་ཆུ་ཚོད་རྩིས་སྟངས་གཅིག་མ་གཏོགས་གཉིས་མེད་པ་ནི་དེང་དུས་འཛམ་གླིང་ནང་ལ་མངོན་སུམ་བདེན་གྲུབ་ཡིན། ནོར་གླིང་དུ་བོད་གཞུང་བཀའ་ཤག་ནས་གསར་བཙུགས་པའི༸གོང་ས་མཆོག་གིས་སྐུའི་ཉེན་སྲུང་གི་ཆེད་དུ་ཛ་དྲག་བཀའ་བཀོད་དམག་སྤྱི་ཁང་གི་དམག་སྤྱི་ཆེ་མོ་གནང་སྐབས་བོད་དུས་འགྱུར་གློག་བརྙན་ལས་ང་བཀའ་ཤག་གིས་བཀོད་བཞག་པའི་སྣེ་འཛིན་ཞིག་རེད། མ་གཞི་ང་མདོ་སྤྱི་ལས་གནས་ཁྱུར་ཡོད་རེད་དེ། བཀའ་ཤག་གི་ང་ལ་ས་ཞིང་དང་གཞིས་ཀ་གསོལ་རས་གནང་ཡོད་རེད། ད་ལྟ་བོད་ཀྱི་གནས་སྟངས་མར་མེ་སྣུམ་ཟད་ལྟར་ཉེན་ཁའི་དུས་ལ་གྱར་ཡོད་རེད། ངས་བག་སྟེ་འདས་ནས་མདུན་ལ་མ་ཕྱིན་ན་འགྲིགས་ཀྱི་མ་རེད། ད་ངས་བཀའ་ཤག་གི་གནང་བའི་དྲིན་ལན་འཇལ་བའི་དུས་ལ་སླེབས་ཡོད་ཅེས་དང། གངས་ལྗོངས་ཀུན་གླེང་གི་བཅའ་འདྲིའི་ལེ་ཚན་ནང་ཁོང་གིས་གལ་སྲིད་ང་བྲོས་བྱོལ་ལ་ཕྱིན་པ་ཡིན་ན་ངས་སྡུག་པོ་དེ་འདྲ་མྱངས་དགོས་ཀྱི་མ་རེད་ཞེས་དང་། མའོ་ཡིས་ལོག་སྤྱོད་པའི་མགོ་གཙོ་བློ་བཟང་བཀྲིས་དང་ལྷ་ཀླུ་གཉིས་སྲོག་ཐོག་གཏོང་དགོས་ཞེས་བརྗོད་པ་སོགས་ལས་ཀྱང་ང་ཚོས་ཤེས་ཐུབ། 
ཧོར་ཟུར་ལགས་ཀྱིས་ཆགས་སྡང་གི་མིག་ཤེལ་དམར་པོས་མི་མཐོང་བའི་ས་དབང་ལྷ་ཀླུའི་ལོ་རྒྱུས་ཀྱི་ཟུར་ཆ་འགའ་ཞིག
མདོ་སྤྱི་ལས་འཁུར་དངོས་སུ་འགོ་ཚུགས་སྐབས་ཞི་དྲག་དཔོན་རིགས་ཚང་མ་བསྐོང་འགུགས་ཀྱིས་ཚོགས་འདུ་འཚོགས་ཏེ་སླད་ཕྱིན་གྱི་ལས་འགན་སྒྲུབ་ཕྱོགས་སྐོར་གྲོས་མོལ་བྱས་ནས་མི་སེེར་ཐོག་རྟ་ཁལ་དང་། འབྲུ་ཁལ་སོགས་བསྐུལ་ལྩིས་བརྡབས་གསིགས་ཁག་མི་ཡོང་བའི་ཆེད་དུ་དམིགས་ཏེ་བྱེད་སྒོའི་རྩ་ཚིག་དོན་ཚན་ལྔ་བཀྲམ་ནས་ལག་ལེན་བསྟར་ཡོད། ཟླ་དྲུག་སོང་མཚམས་ཕྱོགས་སྡོམ་ཞིག་བརྒྱབ་དུས་ས་གནས་ཚང་མའི་མི་སེར་གྱི་འཐུས་མི་དང་རྒན་པོ་ཚོས་རྟ་ཁྲལ་བསྐུལ་གཏོང་ཐད་གཏན་འབེབས་བཟོས་རྗེས་དེ་སྔོན་ལས་རྟ་ཁལ་བཞི་ཆ་གཅིག་ཙམ་ཉུང་དུ་སོང་འདུག་པས་མི་སེར་ཚང་མས་དགའ་པོ་བྱེད་ལུགས་གཅིག་གྱུར་གྱིས་ཤོད་པ་དང། ལྷག་པར་དུ་སྨར་ཁམས་ཁུལ་རྟ་ཁལ་བསྐུལ་ཕྱོགས་གཏན་འབེབས་གསར་པ་ལག་ལེན་བསྟར་བ་ནས་བཟུང་མི་སེར་ལ་ཟོར་ཡང་ཕན་འབྲས་མངོན་གསལ་ཆེན་པོ་བྱུང་ཡོད་སྟབས་མི་སེར་ནས་སྤྱི་འཐུས་ཆེད་བཏང་གིས་མདོ་སྤྱིར་བསྔགས་བརྗོད་བྱེད་མྱོང་ཡོད། རྒྱུན་དུ་ལྷག་བཞིན་པའི་བོད་རིགས་ནང་ཁུལ་གསོད་རྡུང་གྱོད་གཞི་ཆེ་གྲས་གོ་འཇོ་ཁུལ་གྱི་ཨ་ནན་དང་གླན་ཆུང་ཞེས་པ་གཉིས་རི་ཀླུང་རྩྭ་ཁའི་སྐོར་མི་གསོད་དོན་རྐྱེན་ཡང་ཡང་ཡོང་གི་ཡོད་པ་དེའི་ཐག་གཅོད་གང་ལེགས་ཡོང་ཆེད་ཆབ་མདོར་ཕེབས་པའི་རྫི་སྒར་སྤྲུལ་སྐུ་དང་གྲོས་མོལ་གནང་རྗེས་རྫི་སྤྲུལ་རིན་པོ་ཆེ་གོ་འཇོར་ཕེབས་ཏེ་ཁུལ་དེའི་སྤྲུལ་སྐུ་གཞན་ཚོ་དང་གྲོས་མོལ་གནང་སྟེ་གྱོད་གཞི་འདུམ་སྒྲིག་གནང་ནས་དེ་དག་ཐག་གཅོད་གཙང་མ་བྱས་ཡོད།
དེ་སྔོན་མདོ་སྤྱི་བཀའ་བློན་དང་པོ་སེར་མོ་བ་ཡིན་ཙང་མདོ་སྤྱི་བཀའ་ཤག་ཚུགས་ཡུལ་ཆབ་དགོན་གྱི་འཁོར་ཆེན་གྲྭ་ཚང་དང། ལས་བྱ་ཚུགས་ཡུལ་བདེ་མཆོག་གྲྭ་ཚང་དུ་གནང་འདུགདེ་ནས་མདོ་སྤྱི་རིམ་ཕེབས་བཟའ་ཟླ་བུ་ཕྲུག་དང་བཅས་ཚང་མ་མུ་མཐུད་དེ་གར་བཞུགས་ཀྱི་ཡོད་ཀྱང་ས་དབང་ལྷ་ཀླུས་དགེ་འདུན་གཙུག་ལག་ཁང་དུ་ཁྱིམ་པ་ཕོ་མོ་ཉལ་བ་སོགས་བྱས་ན་སངས་རྒྱས་ཀྱི་བཀའ་ལུང་དང་འགལ་གྱི་ཡོད་པ་མ་ཟད། ཉལ་པ་པོ་ལ་ཡང་ཉེས་མིག་ཆེན་པོ་ཡོད་པ་དང། བོད་པའི་སྲོལ་རྒྱུན་དང་ཡང་འགལ་གྱི་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ངོས་བཟུང་ནས། ཆབ་མདོའི་ནུབ་ངོས་སུ་བསིལ་ཐོག་ཐང་ཟེར་བའི་ཐང་ཆེན་སྒང་ལ་མདོ་སྤྱིའི་བཞུགས་ཁང་དང་བཀའ་ཤག་ཚུགས་ཡུལ། དེ་མིན་དམག་མིའི་སྡོད་ཁང། ལས་བྱ་ཁང་ཚུགས་ཡུལ། གོ་མཛོད་ཁང་བཅས་གསར་རྒྱག་བྱས་ཡོད། དེ་སྔོན་མདོ་སྤྱི་ནས་རྒྱལ་ས་ལྷ་སར་འདི་གའི་གནས་ཚུལ་འབུལ་དུས་རྟ་ལམ་བརྒྱུད་ནས་ཉིན་མཚན་ལྟོས་མེད་དུ་ཕྱིན་རུང་བར་ལམ་ཉིན་དགུའམ་བཅུ་ཞིག་འགོར་གྱི་ཡོད་པས་གནས་ཚུལ་གལ་ཆེའི་རིགས་ཀྱང་ཡར་དུས་ཐོག་ཏུ་ཞུ་མི་ཐུབ་པ་མ་ཟད། མར་བཀའ་རྒྱ་སོགས་དུས་ཐོག་ཏུ་འབྱོར་མི་ཐུབ་པའི་ཁར་ལམ་བར་དུ་མི་སེར་ལའང་བརྡབ་གསིགས་ཅི་རིགས་བཟོས་ཀྱི་ཡོད། དེར་བརྟེན་མདོ་སྤྱིས་ཆབ་མདོ་ནས་རྒྱལ་ས་ལྷ་ས་བར་མི་རྟ་སོགས་ལ་སྟབས་བདེ་དང་ལས་དོན་མྱུར་གྲུབ་ཀྱི་ཆེད་དུ་གློག་འཕྲིན་གསར་འཛུགས་གནང་ཡོད།
ས་གླང་(༡༩༤༩)ལོར་བཀའ་་ཤག་ལྷན་རྒྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གོ་མིན་ཏང་གི་ལས་མི་ཡོངས་རྫོགས་ཕྱིར་འབུད་བཏང་ཡོད། མདོ་སྤྱིས་ཀྱང་བྱ་མི་འདྲོག་པར་སྒོ་ང་བླངས་ཞེས་པ་ལྟར་མེ་མདའི་མདེལ་བུ་གཅིག་ཀྱང་བེད་སྤྱོད་གཏོང་མི་དགོས་པར་རྣམ་དཔྱོད་ཀྱི་རྩལ་ལས་མདོ་སྤྱིའི་ཁྱབ་ཁོངས་སུ་ཡོད་པའི་གོ་མིན་ཏང་གི་ལས་བྱེད་ཙོའོ་ཨུ་ཡོན་དང་ཟི་ཁྲོན་ལིའུ་ཙེ་ཆན་གྱིས་ལས་དོན་མི་སྣ་བུའུ་སེ་ཀྲུང་ལ་སོགས་པ་ཡོངས་རྫོགས་ཕྱིར་འབུད་བཏང་བ་སོགས་བརྗོད་ཀྱི་མི་ལང་བའི་བྱས་རྗེས་དུ་མ་ཞིག་ཡོད་ཀྱང་རྒྱུ་མཚན་མི་ཉུང་བ་ཞིག་གིས་རྐྱེན་པས་འདིར་མཚམས་འཇོག་རྒྱུ་དང་། བཞུགས་སྒར་བོད་ཀྱི་དཔེ་མཛོད་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་ཉམས་མྱོང་ལྡན་པའི་རྒན་རབས་དག་ལ་བཅའ་འདྲི་ཞུས་ནས་དཀའ་སྤྱད་སྙིང་སྟོབས་ཆེན་པོས་བོད་ཡིག་ཏུ་ཕབ་བཤུས་བྱས་ཏེ་དཔར་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་འགའ་རེའི་ནང་ལ་ང་ཚོའི་དགྲ་བོར་མཁོ་བྱེད་ཚིག་ཉོག་མང་པོ་འདུག དེར་བརྟེན་བཅའ་འདྲི་སོགས་སྐབས་སུ་ཁྱི་དང་གློ་བ་ཕྲད་པ་ལྟ་བུ་མ་ཡིིན་པར་གནས་ལུགས་དང་རྒྱུ་མཚན་ལྡན་པའི་བཅའ་འདྲི་བྱ་རྒྱུ་གལ་ཆེར་མཐོང། ང་ཚོས་འདི་ནས་ལོ་རྒྱུས་ཀྱི་དེབ་ཕྲེང་སོགས་ཀྱི་ནང་ལ་ཁུངས་མེད་རྫུན་བཟོའི་འཆམ་གཏམ་ཉན་མི་བཟོད་པའི་འཁྱོག་བཤད་སྤུ་ཙམ་མེད་པར་བོད་མི་ཕྱི་རབས་པ་རྣམས་ལ་ཕན་ཐོགས་ཡོད་པ་ཞིག་བསྐྲུན་དགོས་པ་ལས། ང་ཚོའི་དགྲ་བོས་བེད་སྤྱོད་གཏོང་རྒྱུ་ཞིག་བསྐྲུན་ན་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་ལ་དུག་བརྒྱབ་ནས་སྤྲད་པ་དང་ཁྱད་པར་ཅི།
           དཔྱད་གཞིའི་ཡིག་ཆ།                                                                                                                                                                               
 ༡༽ དུས་འགྱུར་མ་བྱུང་གོང་བོད་དུ་ཆབ་སྲིད་སྐྱོང་རིམ། ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་།  ༢༤
༢༽ བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།   སྤྱིའི་འདོན་ཐེངས། ༢
༣༽ མི་ཚེའི་བྱུང་བ་བརྗོད་པ། དེབ་ཕྲེང་དང་པོ།
༤༽ བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།  སྨད་ཆ། 
༥༽ བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།   སྤྱིའི་འདོན་ཐེངས། ༡༦   
༦༽ ཁ་བརྡ་དྲ་རྒྱའི་རྩོམ་ཡིག མཆོད་ཤིག བཀྲ་ཤིས་བདེ་ལེགས། 
༧༽ བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།   སྤྱིའི་འདོན་ཐེངས། ༡
༨༽  སྲིད་བློན་ཀླུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས།  ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༣
༩༽ དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ།
༡༠༽ སྲིད་བློན་ཀླུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས།  ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༣
༡༡༽ བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ།           
༡༢༽ སྐུ་ངོ་ཐུབ་བསྟན་བསམ་མཆོག་ལགས་ཀྱི་གསུང་བཤད།   
སྲིད་བློན་ཀླུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས་ནས་དྲངས།                                                                                   
༡༣༽ སྲིད་བློན་ཀླུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས།  ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༣
༡༤༽ བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།   སྤྱིའི་འདོན་ཐེངས། ༡༦   
༡༥༽ ༸གོང་ས་མཆོག་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་མི་མང།    
༡༦༽ བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།   སྤྱིའི་འདོན་ཐེངས། ༡༦   
༡༧༽ བོད་ཀྱི་སྲིད་དོན་རྒྱལ་རབས། སྨད་ཆ།    
༡༨༽  ༸གོང་ས་མཆོག་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་མི་མང།   
༡༩༽ སྲིད་བློན་ཀླུ་ཁང་པའི་སྐུ་ཚེའི་མཛད་རྗེས་སྙིང་བསྡུས།  ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། ༣
༢༠༽ བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས།   སྤྱིའི་འདོན་ཐེངས། ༡༦